༄༅།། བུ་ཆུང་ང་ནི་བོད་ཀྱི་བདག་པོ་ཡིན།

30/07/2011 12:03

དཀོན་མཆོག་གསུམ་པོ་ང་ཡི་སྐྱབས་གནས་ཡིན།

རྒྱལ་བ་པན་ཆེན་ང་ཡི་བླ་མ་ཡིན།།

ཕོ་བྲང་དམར་པོ་བླ་མའི་བླ་མཁར་ཡིན།

བུ་ཆུང་ང་ནི་བོད་ཀྱི་བདག་པོ་ཡིན།

 

གངས་ལྗོངས་ཕྱུག་མོ་ང་ཡི་ཕ་ཡུལ་ཡིན།

གནས་མཆོག་ལྷ་ས་ང་ཡི་རྒྱལ་ས་ཡིན།

གངས་སེང་དར་ཆ་ང་ཡི་རྒྱལ་དར་ཡིན།

བུ་ཆུང་ང་ནི་བོད་ཀྱི་བདག་པོ་ཡིན།

 

བོད་སྐད་བོད་ཡིག་ང་ཡི་བླ་སྲོག་ཡིན།

སྦྲང་དཀར་རྩམ་པ་ང་ཡི་ཁ་ཟས་ཡིན།

རྟ་ནོར་ལུག་གསུམ་ང་ཡི་སྒོ་ཟོག་ཡིན།

བུ་ཆུང་ང་ནི་བོད་ཀྱི་བདག་པོ་ཡིན།

 

བོད་རིགས་སྤུན་ཟླ་ང་ཡི་ནང་མི་ཡིན།

བོད་དོན་འཐབ་རྩོད་ང་ཡི་འོས་འགན་ཡིན།

བདེན་པའི་སྟོབས་ཤུགས་ང་ཡི་གོ་མཚོན་ཡིན།

བུ་ཆུང་ང་ནི་བོད་ཀྱི་བདག་པོ་ཡིན།།

 

Contact

Administrator 416-453-9887 admin@wildyaks.com