༄༅།། ཕྲུ་གུ་སྐྱེ་ཤེས་པའི་ཟངས་སྡུག

30/09/2012 12:33

 

ཕྲུ་གུ་སྐྱེ་ཤེས་པའི་ཟངས་སྡུག

ཉིན་གཅིག་ཨ་ཁུ་སྟོན་པས་སྐྱེད་ཀའི་ཆེད་དུ་བུ་ལོན་གཏོང་མཁན་གྱི་མི་ཚང་ཕྱུག་པོ་ཧམ་སེམས་ཅན་ཞིག་ཡོད་པ་དེར། སྣ་སུན་ཆེ་ཐག་ཆོད་ཅིག་སྤྲོད་དགོས་བསམས་ཏེ། མི་ཚང་དེའི་ནང་མི་གཙོ་བོ་དེའི་སར་སོང་ནས། ཕྱུག་བདག་ལགས་སྐྱེ་ཀ་ཕུལ་ཆོག གནས་སྐབས་རིང་ཟངས་རྡིག་གཅིག་གཡར་རོགས་གནང་དང་། ཞེས་ཞུས་པར་དཀའ་ལས་ཁག་པོའི་ཐོག་ནས་གཅིག་གཡར་བ་རེད།

བདུན་ཕྲག་གཅིག་སོང་རྗེས། ཨ་ཁུ་སྟོན་པས་ཟངས་རྡིག་དེའི་ནང་ཟངས་རྡིག་ཆུང་ཆུང་ཞིག་བླུགས་ནས་ཁྱེར་ཡོང་སྟེ། སྦྱིན་བདག་ལགས། ཁྱེད་ཀྱི་ཟངས་རྡིག་འདི་ནི་མོ་རྡིག་རེད་འདུག ཁོ་བོའི་ནང་སླེབས་ཏེ་ཉིན་ཤས་སོང་རྗེས་ཕྲུ་གུ་འདི་སྐྱེས་སོང་། ཞེས་ཟངས་རྡིག་ཆེ་ཆུང་གཉིས་བསྟན། བུ་ལོན་གཏོང་མཁན་དེས་རང་ཉིད་ལ་ཁེ་བཟང་ཐོབ་སོང་བསམས་ནས་དགའ་སྤྲོ་ཆེན་པོ་སྐྱེས་པར་མ་ཟད་ཡ་མཚན་ཡང་སྐྱེས།

སྐབས་དེར་ཨ་ཁུ་སྟོན་པས། སྦྱིན་བདག་ལགས། ཁྱེད་ཀྱི་ཟངས་རྡིག་འདི་ནི་མོ་རྡིག་ཡིན་པར་བརྟེན། ཁ་སྔོན་ཕྲན་གྱིས་ནང་ལ་ཁྱེར་ནས་ཉིན་ཤས་སོང་རྗེས་ཀྱི་མཚན་མོ་ཞིག་ལ། ཟངས་རྡིག་འདིར་ཟངས་རྡིག་ཆུང་ཆུང་འདི་སྐྱེས་སོང་། བྱས་ཙང་ད་རེས་སྦྱིན་བདག་ལགས་སུ་སྐྱེད་ཀ་ཕུལ་མི་དགོས་པར་ཟངས་རྡིག་མ་བུ་གཉིས་ཀ་ཁྱེད་རང་ལ་ཕུལ་བར་ཡོང་བ་ཡིན། ཞེས་ཞུས།

སྐབས་དེར་བུ་ལོན་གཏོང་མཁན་གྱི་ཕྱུག་བདག་ཧམ་སེམས་ཅན་དེར། རང་ཉིད་ཀྱི་ཟངས་རྡིག་དེའི་སྟེང་ཟངས་རྡིག་ཆུང་བ་ཞིག་ཚུར་ལེན་རྒྱུ་བྱུང་བར་བརྟེན། ཁོ་དགའ་སྤྲོས་ཁེངས་ཏེ། འོ་ཙི་ཨ་ཁུ་སྟོན་པ།འདི་འདྲ་ཡིན་ན་རྗེས་སུ་ཁྱེད་རང་ལ་ཟངས་རྡིག་ག་ཚད་གཡར་དགོས་བྱུང་ཡང་། འདི་ནས་ལེན་པར་ཡོང་རྐྱང་བྱེད་རོགས། ལམ་སེང་གཡར་ཆོག་ཅེས་བཤད།

དེ་ནས་ཉིན་ཤས་སོང་རྗེས་ཨ་ཁུ་སྟོན་པ་སླར་ཡང་མི་ཕྱུག་པོའི་ཁྱིམ་བདག་ཧམ་སེམས་ཅན་དེའི་སར་ཟངས་རྡིག་གཡར་བར་ཡོང་བ་རེད། སྐབས་དེར་བུ་ལོན་གཏོང་མཁན་གྱི་ཕྱུག་བདག་དེས་ཨ་ཁུ་སྟོན་པར་དེ་སྔ་ལྟར་མིན་པར། ཀར་ཀོར་གང་ཡང་མེད་པའི་ཐོག་ནས་རང་གི་ཟངས་རྡིག་ཆེ་ཤོས་དེ་ཨ་ཁུ་སྟོན་པར་ལམ་སེང་གཡར་བར་མ་ཟད། ད་དུང་ག་ཚད་དགོས་ཀྱང་ལེན་རྐྱང་བྱེད་རོགས། ཞེས་ལབ།

ཨ་ཁུ་སྟོན་པས་ད་རེས་ཀྱི་གོ་སྐབས་འདི་བཟུང་ནས་ཁོ་ལ་བཟོ་བལྟ་ཞིག་བཟོ་དགོས་བསམས་ཏེ། ཟངས་རྡིག་ཆེན་པོ་དེ་འཁྱེར་ནས་ཉེ་འཁོར་གྱི་ཟངས་བཟོ་མཁན་ཞིག་ལ་ཕར་བཙོངས། དེའི་རིན་པ་རྣམས་འཁྱེར་ཏེ་རང་གི་ནང་མི་རྣམས་དང་དེ་མིན་ཉེ་འཁོར་གྱི་མི་ཚང་མ་མཉམ་འཛོམས་བྱས་ཏེ་ཉིན་ཤས་རིང་ཐུགས་སྤྲོ་སྐྱིད་ཐག་ཆོད་བཏང་བ་རེད།

ཨ་ཁུ་སྟོན་པར་ཟངས་རྡིག་ཆེ་ཤོས་དེ་གཡར་ནས་ཟླ་བ་གཅིག་ལྷག་ཙམ་སོང་ཟིན་ན་ཡང་། ད་དུང་ཕྱིར་སློགས་བྱེད་པར་རྩ་བ་ནས་མ་ཡོང་བར་བརྟེན། བུན་བདག་ཧམ་སེམས་ཅན་དེར་བློ་འཚབ་ཆེན་པོ་སྐྱེས་ཏེ། རང་ཉིད་ངོ་མ་ཐད་ཀར་ཨ་ཁུ་སྟོན་པའི་སྡོད་ཁྱིམ་གང་དུ་ཡོད་བརྩད་གཅོད་བྱེད་ཀྱིན་ཟངས་རྡིག་ཆེན་པོ་དེ་དང་དེའི་སྐྱེད་ཀ་ལེན་དུ་ཡོང་བ་རེད།

བུན་བདག་སེར་སྣ་ཅན་དེ་ཨ་ཁུ་སྟོན་པའི་ཁྱིམ་གྱི་སྒོ་འགྲམ་དུ་སླེབས་སྐབས། ཨ་ཁུ་སྟོན་པ་ནི་མིག་ཆུ་གཏོང་གིན་ཁ་ནས་རྫོགས་རྒྱུ་མེད་པ་ཞིག་བརྗོད་བཞིན་ཡོད་པའི་ནང་དོན་གཙོ་བོ་ནི། ང་འདི་འདྲའི་བསོད་ནམས་ཆུང་བ་ལའང་། ད་ང་ག་རེ་ཕུལ་དགོས་རེད་དམ། ཞེས་བརྗོད་བཞིན་པ་ཐོས། བུན་བདག་དེ་ཨ་ཁུ་སྟོན་པའི་མདུན་དུ་སོང་ནས་ག་རེ་བྱས་སྐད་ཆ་དྲིས།

ཨ་ཁུ་སྟོན་པས། སྤྱིན་བདག་ལགས། ད་དཔེ་བསགས་ཚར་སོང་། ད་རེས་ཁྱེད་ཀྱི་ཟངས་རྡིག་དེ་ཕྲན་གྱི་ནང་དུ་སླེབས་ནས་ཉིན་གཉིས་སོང་མཚམས་འདས་གྲོངས་སུ་གྱུར་སོང་། བྱས་ཙང་དེང་སྐབས་ང་རང་དང་ནང་མི་རྣམས་ཉིན་ཞག་ཞེ་དགུའི་མྱ་ངན་ཞུ་མུས་ཡིན། མྱ་ངན་འདི་བསང་མཚམས་ཁྱེད་རང་ལ་ཞུ་བར་བཅར་དགོས་བསམས་ནས་བསྡད་ཡོད།

བུན་བདག་གིས་སྐད་ཆ་དེ་གོ་མ་ཐག་ཁོང་ཁྲོ་མེ་ལས་ཀྱང་ཆེ་བ་འབར་ནས། ཝ་ཡེ། ཨ་ཁུ་སྟོན་པ། ཁྱོད་རང་སྐད་ཆ་གང་བྱུང་མར་བྱུང་བཤད་མ་ཡོང་། ཟངས་རྡིག་ནི་ཟངས་བཟོ་བས་དཀའ་ལས་བརྒྱབ་སྟེ་བཟོས་པ་ཞིག་ཡིན་པས་ཤི་རྒྱུ་ག་བར་ཡོད། མི་ནི་མ་རེད་ཁྱོད་ང་ལ་མགོ་སྐོར་བཏང་མ་ཡོང་། གར་ལྟར་ངའི་ཟངས་རྡིག་ལམ་སེང་འཁྱེར་ཤོག་ཅེས་བཤད།

ཨ་ཁུ་སྟོན་པས་གུས་གུས་ཞུམ་ཞུམ་གྱིས། འ་ཙི་སྦྱིན་བདག་ལགས། ཁྱེད་ཀྱིས་ཟངས་རྡིག་ལ་ཕྲུ་གུ་སྐྱེ་རྒྱུ་པ་ཁས་ལེན་དུས་འཆི་རྒྱུ་ཡོད་པ་ཁས་མི་ལེན་པ་གང་ཡིན་ནམ། རྡིག་ལ་རྡིག་ཕྲུག་སྐྱེ་དུས། ལྷག་བསམ་རྣམ་དག་ཞུས་ཡོད། རྡིག་མོ་ཨ་མ་ཤི་ནས་མྱ་ངན་བྱས་ནས་བསྡད་ཡོད། ཅེས་ཞུས་པར་བུན་བདག་དེར་བྱ་རྒྱུ་གང་ཡང་མ་རག་པར་ལུས་སོ།།