༅།། སྤྲེའུ་དང་རུས་སྦལ།

03/07/2017 09:49
༅།། སྤྲེའུ་དང་རུས་སྦལ། 
 
སྤྲེའུ་ཞིག་དང་རུས་སྦལ་ཞིག་གིས་གྲོགས་བསྒྲིགས་ཏེ་དགུན་ཟླ་གསུམ་གྱི་རིང་ལ་སྐྱིད་པོ་བྱས་ཏེ་མཉམ་དུ་བྲག་ཕུག་ཅིག་ཏུ་བསྡད་མཐར་རུས་སྦལ་མཚོ་ནང་དུ་སོང་། 
 
རུས་སྦལ་མཚོ་ནང་དུ་ཐོན་དུས་ཆུང་མས་ན་བརྫུ་བྱས་ནས་བསྡད་ཡོད། རུས་སྦལ་གྱིས་ནད་དེ་དྲག་ཐབས་ག་རེ་ཡོད་དམ་ཞེས་དྲིས། ཆུང་མས་སྤྲེའུའི་སྙིང་ཞིག་དགོས་ཟེར། རུས་སྦལ་གྱིས་དེས་ན་ང་གྲོགས་པོའི་སར་སྙིང་སློང་དུ་འགྲོ་ཞེས་བཤད། ཆུང་མས་སྙིང་བསླངས་ན་མི་སྟེར་བས་དང་པོ་སྤྲེའུ་མགྲོན་ལ་བོས་ཤོག་ཅེས་མངགས།
 
རུས་སྦལ་གྱིས་སྤྲེའུ་ལ། ཀྱེ་གྲོགས་པོ། ལན་ཅིག་ངེད་ཚང་དུ་འགྲོ་ཞེས་པ་ལ། སྤྲེའུ་ན་རེ། ཁྱེད་ཚང་མཚོ་ཞབས་ན་ཡོད་པས་ང་མི་འགྲོ། ཞེས་སྨྲས། རུས་སྦལ་གྱིས། ངེད་ཚང་ལ་ལན་ཅིག་མ་ཡོང་ན་ཁ་ཙམ་གྱི་གྲོགས་པོ་རེད་ཅེས་བཤད། དེ་ནས་སྤྲེའུས་ཁས་བླངས་ཏེ། རུས་སྦལ་གྱི་རྒྱབ་ལ་འབྱར་ནས་མཚོ་ནང་དུ་ཕྱིན།
 
ཁོང་གཉིས་རུས་སྦལ་ཚང་དུ་སླེབས་དུས། རུས་སྦལ་གྱིས་ངའི་ཆུང་མ་ནད་ལས་ཐར་ཆེད་སྤྲེའུ་སྙིང་ཞིག་དགོས་པས་ཁྱེད་ཀྱི་སྙིང་དེ་སྟེར་རོགས།  ཞེས་སྨྲས། སྤྲེའུ་ན་རེ། ཀྱེ་གྲོགས་པོ། ད་ཅི་གོང་དུ་མི་གསུང་བ་ཅི་ཡིན། ངའི་སྙིང་ཤིང་སྡོང་གི་རྩེ་ན་ཡོད། ད་ལྟ་རང་ལེན་དུ་འགྲོ་ཞེས་བཤད། རུས་སྦལ་གྱིས་བདེན་པ་རེད་བསམ་སྟེ་སྤྲེའུ་ཁུར་ནས་མཚོ་ཁར་སོང་།
 
ཤིང་སྡོང་ཞིག་གི་རྩར་སླེབས་པ་དང་སྤྲེའུ་ན་རེ། ཁྱོད་ཤིང་སྡོང་གི་རྩ་བ་འདིར་ཁ་གདོངས་ལ་སྡོད་ཅིག ངས་ཐང་ཤིང་གི་རྩེ་ནས་སྙིང་མར་ལ་གཏོང་བར་བྱེད་དོ། ཞེས་བརྗོད་ཅིང་ཤིང་སྡོང་གི་རྩེ་ལ་སོང་སྟེ། གྲོགས་ངན་རུས་སྦལ་ཁ་ནག་ཁྱོད། སྤྲེའུ་སྙིང་འདོད་ན་སྤྲེའུ་གཅིན་འཐུང་ཞེས་རུས་སྦལ་གྱི་ཁང་ནང་དུ་གཅིན་པ་བཏང་ངོ་།།

Contact

Administrator 416-453-9887 admin@wildyaks.com