བཀའ་སློབ།

21/07/2013 13:42


༅།། སྙིང་ཉེ་བའི་བྱམས་བརྩེའི་འཚོ་བའི་སྟེང་ནས་ང་ཚོའི་མི་ཚེ་འདི་འགོ་ཚུགས་པ་ཡིན།


༄༅།། ང་ཚོ་མངལ་དུ་ཡོད་པའི་གནས་སྐབས་སུའང་། ཨ་མའི་སྐད་ངོ་ཤེས་ཀྱི་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག མངལ་དུ་ཉིང་མཚམས་སྦྱར་མ་ཐག་ཏུ་ཤེས་ཀྱི་མེད་ཀྱང་། ཟླ་ཤས་ཕྱིན་པའི་མཚམས་སུ་ཨ་མའི་སྐད་ཆའི་དོན་དག་མི་ཤེས་ཀྱང་སྐད་ངོ་ཤེས་པ་ཞིག་ཡོང་གི་ཡོད། གང་ཡིན་ཞེ་ན། བསམ་བློའི་ནང་རང་ཉིད་གང་དུ་གནས་སའི་ལུས་པོ་དེར་ཧ་ཅང་བརྟེན་དགོས་པས་དེ་ལ་རང་བཞིན་གྱིས་སྙིང་ཉེ་བའི་བསམ་བློ་ཞིག་ཡོང་གི་ཡོད། བྱིས་པ་བཙས་རྫེས་བསླབ་མི་དགོས་པར་མ་ཡི་ནུ་ཞོ་རང་བཞིན་གྱིས་འཐུང་བ་ཡོང་གི་ཡོད། དེར་བརྟེན་ཕྲུ་གུའི་ངོས་ནས་རང་ཉིད་འཚོ་བ་མ་ལ་བརྟེན་དགོས་པ་ནི་རང་བཞིན་ལྷན་སྐྱེས་ཀྱི་བློ་ཤར་བ་ཞིག་དང་། དངོས་ཡོད་གནས་ཚུལ་ལའང་བརྟེན་དགོས་ཀྱི་ཡོད།  ཨ་མའི་ངོས་ནས་ཀྱང་བརྩེ་བའི་བསམ་པའི་སྟེང་ནས་ནུ་ཞོ་སླེབས་ཀྱི་ཡོད།  གལ་ཏེ་མ་བུ་གང་རུང་ཞིག་གི་ངོས་ནས་སྙིང་ཉེ་བའི་བསམ་བློ་མེད་ན། མ་ལ་ནུ་ཞོ་མི་ཡོང་ཞིང་ཕྲུ་གུས་ཀྱང་ནུ་ཞོ་མི་འཐུང་བ་ཡིན། དེ་ལྟར་མེད་ན་ཕྲུ་གུ་འཚོ་ཐབས་མེད།

ང་རང་ཚོའི་མི་ཚེ་འདི་ཇི་ལྟར་བྱས་ཏེ་འགོ་ཚུགས་ཀྱི་འདུག་ཅེ་ན། སྙིང་ཉེ་བའི་བྱམས་བརྩེའི་འཚོ་བའི་སྟེང་ནས་ང་ཚོའི་མི་ཚེ་འདི་འགོ་ཚུགས་པ་ཡིན། དེང་སྐབས་སྨན་པའི་ཚན་རིག་པ་དག་གིས་ཀྱང་བརྗོད་པ་ལ། ཕྲུ་གུ་མ་ཡི་མངལ་ནས་བཙས་ཏེ་བདུན་ཕྲག་ཁ་ཤས་རིང་མའི་ལུས་ཀྱི་ཤའི་དྲོད་ལ་སྦྱར་ནས་བསྟེན་རྒྱུ་ནི་ཕྲུ་གུའི་ཀླད་པ་ཡར་རྒྱས་སུ་འགྲོ་བའི་མཐུན་རྐྱེན་ལེགས་ཤོས་དེ་རེད་ཅེས་བརྗོད་ཀྱི་འདུག་པ་ནི་བདེན་པ་ཡིན། གང་ལྟར་ཡང་ཕྲུ་གུར་ཤའི་དྲོད་ཀྱིས་སྦྱར་མཁན་ཞིག་ཡོད་ན། ཕྲུ་གུའི་བསམ་བློའི་ནང་སྲུང་སྐྱོབ་བྱེད་མཁན་ཞིག་ཡོད་པའི་ཚོར་བ་ཡོང་གི་ཡོད། ཕྲུ་གུ་དེ་ཤའི་དྲོད་ལ་མ་སྦྱར་བར་ཟུར་དུ་བཞག་ན། ཕྲུ་གུའི་བསམ་བློའི་ནང་སྐྱབས་མེད་མགོ་ལྟ་བུའི་འདུ་ཤེས་སམ་ཚོར་བ་ཞིག་སླེབས་ཀྱི་ཡོད། མདོན་ན་བརྩེ་བའི་བསམ་བློ་ནི་མི་ཚེ་ཐོག་མར་འགོ་ཚུགས་པའི་སྐབས་ནས་ལུས་པོ་འདི་ཡར་རྒྱས་འགྲོ་བའི་བར་ཐམས་ཅད་ལ་བྱམས་བརྩེའི་འཚོ་བ་ཧ་ཅང་གལ་ཆེན་པོ་ཡིན། ང་རང་ཚོ་མིའི་ལུས་འདི་ཐོག་མར་དེ་ལྟ་བུའི་ངང་ནས་ཆགས་པ་ཡིན་སྟབས། མིའི་སེམས་ནང་བྱམས་བརྩེའི་ཚོར་བ་ཤུགས་ཆེན་པོ་ཡོད།

Contact

Administrator 416-453-9887 admin@wildyaks.com