སྲིད་པ་ཆགས་ཚུལ།

24/07/2016 21:16

སྲིད་པ་ཆགས་ཚུལ།

ལོ་མང་པོ་མང་པོ་ཞིག་གི་སྔོན་ལ། འཛམ་གླིང་འདི་ཆུས་ཁེངས་ནས་ཡོད། དེ་ནས་དུས་ཡུན་རིང་པོ་སོང་བ་ན། ཆུ་ནང་ནས་རི་བོ་ཆེན་པོ་ཆེན་པོ་ཞིག་ཡར་འཕགས་ཡོང་། དེ་ནས་ཆུ་རིམ་གྱིས་མར་བྲི་སྟེ། ས་གཞི་ལྗང་མདོག་ཏུ་གྱུར།

ས་གཞི་ལྗང་མདོག་ཏུ་གྱུར་ནས་ལོ་མང་པོ་མང་པོ་སོང་བ་ན། གང་ནས་ཡོང་བ་མི་ཤེས་པའི་སྤྲེའུ་སྐམ་རིད།སྐམ་རིད་ཅིག་བསླེབས།

སྤྲེའུ་དེ་བྲག་རྡོ་སྲ་མོ། སྲ་མོ་ཞིག་གི་སྟེང་དུ་ངལ་གསོས་ཏེ་བསྡད། ཉིན་ཞིག་བྲག་རྡོ་སྲ་མོ། སྲ་མོ་དེ་གས་ནས་བྲག་རྡོའི་ནང་ནས་བུ་མོ་མཛེས་མ། མཛེས་མ་གཉིས་བྱུང་། སྤྲེའུ་དེས་རི་མགོ་ནས་གྲོ་མ་མང་པོ། མང་པོ་བརྐོས་ཏེ་བུ་མོ་གཉིས་གསོས།

ཉིན་ཞིག་སྤྲེའུ་དེ་གྲོ་མ་རྐོ་རུ་སོང་ཤུལ་དུ། འདྲེ་འཇིགས་སྣང་ཚ་པོ་ཚ་པོ་ཞིག་གིས་བུ་མོ་གཉིས་ཀྱི་སྒོ་རྡུང་ནས། གཅེས་ཕྲུག་གཉིས། སྒོ་ཕྱེ་དང་ཨ་མ་ཕྱིར་ཐོན་ཡོད་ཅེས་བོས། བུ་མོ་གཉིས་ཀྱིས་ཁྱོད་ངེད་གཉིས་ཀྱི་ཨ་མ་མ་རེད། ཨ་མས་ངེད་གཉིས་ལ་གྲོ་མ་ཞིམ་པོ། ཞིམ་པོ་ཟ་རྒྱུ་སྦྱིན་ཡོང་ཞེས་ལན་བཏབ།

དེ་ནས་འདྲེ་འཇིགས་་སྣང་ཚ་པོ།ཚ་པོ་དེས་གྲོ་མ་ཞིམ་པོ། ཞིམ་པོ་འདིར་ཡོད་ཅེས་རྡོ་རིལ་འགའ་སྒོ་སྲུབས་ནས་ནང་དུ་ཕངས།བུ་མོ་གཉིས་ཀྱིས་ཁྱོད་གཡོ་ཅན། གཡོ་ཅན་ཞིག་རེད་ཅེས་བཤད། དེ་ནས་འདྲེ་དེ་ཁོང་ཁྲོ་ཆེན་པོ། ཆེན་པོ་ལངས་ནས། རྡོ་རིལ་སྤར་མོ་གང་གནམ་ལ་གཏོར་ནས། ཕུ་ཆེན་པོ། ཆེན་པོ་ཞིག་སྒོ་སྲུབས་ནས་བཏབ་སྟེ་བུ་མོ་གཉིས་ཡར་ནམ་མཁར་ཁྱེར།

བུ་མོ་གཉིས་ཀྱིས་ནམ་མཁའ་ནས་གཅིག་གིས་གཅིག་བཙལ་ཏེ་ཕར་རྒྱུགས་ཚུར་རྒྱུགས་བྱས། ཡིན་ནའང་། གཅིག་ཚུར་ལ་ཡོང་དུས་གཅིག་ཕར་ལ་སོང་ནས་ངོ་ཐུག་མ་ཐུབ།

སྤྲེའུ་དེས་གྲོ་མ་མང་པོ།མང་པོ་བརྐོས་ནས་ཕྱིར་ནང་ལ་ཐོན་དུས། བུ་མོ་གཉིས་མཐོང་རྒྱུ་རིག་རྒྱུ་མེད་པ་རེད། སྤྲེའུ་དེས་མིག་ལས་ཆུ་མང་པོ།མང་པོ་བཞུར་ཏེ་ཤི་སོང་བ་རེད།

དེ་ནས་དུས་ཡུན་རིང་པོ།རིང་པོ་སོང་བ་ན། བུ་མོ་གཅིག་ཉི་མར་གྱུར་བ་དང་། གཅིག་ཟླ་བར་གྱུར། སྤྲེའུ་དེའི་མིག་ཆུ་རྣམས་ཆུ་བོར་གྱུར། སྤྲེའུ་དེའི་ལུས་པོ་རི་བོ་རུ་གྱུར། སྤྲེའུ་དེའི་ལུས་ཀྱི་སྤུ་རྣམས་རྩ་དང་རྩི་ཤིང་དུ་གྱུར། ལུས་ཀྱི་ཤིག་རྣམས་གཅན་གཟན་རི་དྭགས་སུ་གྱུར་ཏེ་སྲིད་པ་འདི་ཆགས་པ་རེད།

 

མཁས་གྲུབ་གྱིས་བསྡུ་སྒྲིག་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Contact

Administrator 416-453-9887 admin@wildyaks.com