སློབ་ཁྲིད་ཐབས་ལམ།

02/12/2012 11:27

དགེ་རྒན་གྱིས་དོ་སྣང་བྱེད་དགོས་པའི་གནད་དོན་གང་དྲན་དེ་གླེང་།
བསེ་རུས།

༢༠༡༡།༡༡།༡༡ཉིན།


(གསལ་བཤད། འདི་དག་རེ་རེའི་ནང་ནས་དགེ་རྒན་ཚོས་སློབ་མའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་གནད་དོན་མྱོང་བ་དངོས་ཐོབ་ཀྱི་ལམ་ནས་བྲིས་པ་ཤ་སྟག་ཡིན་སྟབས། ཀུན་ལ་ཕན་ཐོགས་ངེས་ཅན་ཡོང་བའི་རེ་བ་ཆེ།)

 

༡ སློབ་མའི་ཤེས་ཚད་དང་མི་མཐུན་པའི་ཐ་སྙད་བེད་སྤྱོད་གཏོང་བ།
༢ སློབ་མས་སློབ་ཚན་གྱི་ནང་དོན་མ་ཤེས་ཀྱང་ཨུ་ཚུགས་ཀྱིས་དྲི་བ་བ་གཏོང་བ།
༣ ལུས་ཀྱི་འགུལ་སྐྱོད་མང་དྲགས་པ།
༤ གདོང་པའི་རྣམ་འགྱུར་ངན་དྲགས་པ།
༥ སློབ་ཚན་འཆར་འགོད་མེད་པ།
༦ སློབ་ཚན་འཆར་འགོད་ཡོད་ཀྱང་དུས་ཐོག་ཏུ་མི་འགྲོ་བ།
༧ སློབ་ཚན་འཆར་འགོད་ནང་དུ་དུས་ཚོད་འཆར་འགོད་གསལ་པོ་མེད་པ།
༨ སློབ་མ་སློབ་སྦྱོང་ལ་དོ་སྣང་མེད་པ་རྣམས་ལ་སྣང་མེད་བཏང་དྲགས་པ།
༩ སློབ་མ་སློབ་སྦྱོང་ལ་དོ་སྣང་ཅན་ལ་ལྟ་རྟོགས་ཤུགས་ཆེ་དྲགས་པ།
༡༠ དགེ་རྒན་གྱིས་མདུན་རྒྱབ་གཉིས་ཀྱི་སློབ་མར་དོ་སྣང་ཆུང་བ།
༡༡ སློབ་ཁྲིད་སྐབས་སློབ་མ་སྤྱི་ཡོངས་ལ་ལྟ་མ་ཐུབ་པ།
༡༢ ནག་པང་བེད་སྤྱོད་མ་བཏང་བ།
༡༣ ནག་པང་བེད་སྤྱོད་བཏང་ཡང་། གཏོང་ཐབས་མི་ལེགས་པ།
༡༤ ནག་པང་སྟེང་དུ་ཡིག་གཟུགས་ཆུང་དྲགས་པ་དང་ཆེ་དྲགས་པ།
༡༥ ཡིག་གཟུགས་མི་མཛེས་ཤིང་སློབ་མར་སུན་སྣང་སྐྱེ་རུ་འཇུག་པ།
༡༦ ཡིག་གཟུགས་མཛེས་ཀྱང་སྟེང་འོག་འཁྱོག་པ།
༡༧ ནག་པང་འཆར་འགོད་མི་ལེགས་པ།
༡༨ ནག་པང་སྟེང་སློབ་ཚན་དང་འབྲེལ་ཡོད་སོགས་གང་བྲིས་ཀྱང་འགོར་དྲགས་པ།
༡༩ འཛིན་གྲྭའི་ནང་ངར་དྲགས་པ་དང་། འཁྲུག་ཆ་ཆེ་དྲགས་པ།
༢༠ འཛིན་གྲྭའི་ནང་སློབ་ཚན་གྱི་ནང་དོན་དང་འབྲེལ་བའི་བྱ་འགུལ་སྤེལ་མི་ཐུབ་པ།
༢༡ སློབ་མ་ཞིག་ལ་དྲི་བ་བཏང་རྗེས་ལན་མ་ཐེབས་སྟབས། སློབ་གཞན་ཞིག་བསླངས་ནས་སློབ་མ་དང་པོ་དེ་སྡོད་དུ་འཇུག་རྒྱུ་བརྗེད་འགྲོ་བ།
༢༢ སློབ་མས་དྲི་བར་ལན་ཐེབས་མིན་གྱི་གསལ་ཁ་མ་བཏོད་པར་ཁོང་ཚོའི་དོགས་པ་སེལ་མ་ཐུབ་པ།
༢༣ ཚན་རིག་བརྟག་དཔྱད་སྐབས་སློབ་མའི་འཕྲོད་བསྟེན་ལ་འཐུས་ཤོར་འགྲོ་ཉེན།
༢༤ སློབ་མའི་རྒྱུན་སྤྱོད་ཐ་སྙད་དགེ་རྒན་གྱིས་གོ་བརྡ་མི་འཕྲོད་པ།
༢༥ སེམས་ཁམས་ལ་དཀའ་ངལ་ཡོད་པའི་སློབ་མའི་རིགས་ངོས་འཛིན་མ་ཐུབ་པ།
༢༦ འཕྲོད་བསྟེན་གྱི་དཀའ་ངལ་ཡོད་རིགས་ཀྱི་སློབ་མའི་གནས་སྟངས་རྒྱུས་ལོན་མ་ཐུབ་པ།
༢༧ དོ་སྣང་མེད་པའི་སློབ་མར་གོ་བསྐོན་བསླབ་བྱ་ཉུང་དྲགས་པ།
༢༨ སློབ་མ་དམངས་ཀྱི་ཁྲོད་སློབ་མ་བྱེ་བྲག་པར་དམའ་ཕབ་རྒྱུ་མང་དྲགས་པ།
༢༩ ཚིག་གསར་རིགས་ལ་ངེས་ཆ་མེད་པར་སློབ་མས་གང་ལབ་ལ་ངོས་འཛིན་བྱེད་པ།
༣༠ སློབ་ཁྲིད་སྐབས་ནག་པང་ལ་བལྟས་ཏེ་འགྲེལ་བཤད་རྒྱག་པ་ལས་སློབ་མར་མི་ལྟ་བ།
༣༡ སློབ་ཁྲིད་སྐབས་བཤད་བྲིས་བཤད་བྲིས་བྱེད་པ་མང་དྲགས་པ།
༣༢ ནག་པང་སྟེང་སློབ་གཞི་བྲིས་ཚར་མ་ཐག་འགྲེལ་བཤད་རྒྱག་པ།
༣༣ སྐད་ཆ་རྣམས་མགྱོགས་དྲགས་པའམ་འགོར་དྲགས་པ།
༣༤ ཡུལ་སྐད་བྱེ་བྲག་པའི་སྐད་སྤྱོད་ཤུགས་ཆེ་དྲགས་པས་སློབ་མ་སྤྱི་ཡོངས་ཀྱི་གོ་བ་མ་ལོན་པ།
༣༥ སྐད་ཆ་སྒྲ་དག་གསལ་གསུམ་མེད་པ།
༣༦ ནག་པང་སྟེང་ཡང་ཡང་མགོ་བོ་འཐོམས་པ།
༣༧ ཡིག་གཟུགས་འཁྱུག་དྲགས་པས་སློབ་མས་བདེ་བླག་ཏུ་རྟོགས་མི་ཐུབ་པ།
༣༨ དགེ་རྒན་རང་ཉིད་སློབ་གཞི་གང་ཡིན་པ་དེར་ཡིད་ཆེས་དང་གདེང་ཚོད་མེད་པ།
༣༩ སློབ་དེབ་ལ་དགེ་སློབ་གཉིས་ཀ་ཡིད་ཆེས་མེད་པ།
༤༠ སྤྱིར་བཏང་ཤེས་བྱར་ཤེས་རྟོགས་ཞན་པ།
༤༡ དགེ་རྒན་དང་སློབ་དེབ་བར་དུ་བར་སྟོང་ཆེ་དྲགས་པ།
༤༢ སློབ་མ་དང་སློབ་དེབ་བར་དུ་བར་སྟོང་ཆེ་དྲགས་པ།
༤༣ སློབ་ཚན་ཁག་ལག་ལེན་ཐོག་འགེལ་ཐབས་ལ་འབད་མ་ཐུབ་པ།
༤༤ སློབ་ཁྲིད་སྐབས། ཅི་ཞིག ཇི་ལྟར། ཅིའི་ཕྱིར། ཞེས་པའི་དྲི་བ་གསུམ་ལ་བསམ་གཞིགས་ཉུང་དྲགས་པ།
༤༥ སློབ་ཁྲིད་སྐབས་སྐད་ཆའི་ནང་དུ་རེད་པ། ཧ་གོ་སོང་ངམ། ཤེས་སོང་ངམ། སོགས་སྤྱོད་རྒྱུ་མང་དྲགས་པ།
༤༦ སློབ་མར་སྦྱོར་ཀློག་དང་སྡུད་ཀློག་བྱེད་སྟངས་ལམ་སྟོན་བྱེད་མ་ཐུབ་པ།
༤༧ དཔེ་ཀློག་གི་གོམས་གཤིས་འཇགས་ཐབས་ལ་སྐུལ་ལྕག་བྱེད་མ་ཐུབ་པ།
༤༨ དཔེ་ཀློག་ལ་དོ་སྣང་དང་སྤྲོ་སྣང་གི་ནུས་པ་སྤེལ་མ་ཐུབ་པ།
༤༩ དཔེ་དེབ་ལེགས་གྲས་ངོ་སྤྲོད་ཉུང་དྲགས་པ།
༥༠ དཔེ་དེབ་ནི་ཤེས་རིག་གི་བང་མཛོད་ཡིན་པར་བརྡ་སྤྲོད་མ་ཐུབ་པ།
༥༡ སློབ་ཁྲིད་སྐབས་སེམས་པ་ཡང་ཡང་འཚབ་པ།
༥༢ སློབ་གཞི་གང་ཡིན་པ་དེར་གདེངས་སྤོབས་བྲལ་བ།
༥༣ སློབ་ཚན་གྱི་ཚན་པ་དང་དུམ་མཚམས་དབྱེ་ཞིབ་མ་བྱས་པ།
༥༤ སློབ་ཚན་གྱི་སྙིང་དོན་དང་བསྟན་དོན་བསླབ་བྱར་ངོས་འཛིན་གསལ་པོ་མ་བྱས་པ།
༥༥ སློབ་ཚན་ཀློག་སྐབས་སྒྲ་དག་གསལ་བའི་ཚུལ་གྱིས་སློབ་མར་ལམ་སྟོན་མི་ཐུབ་པ།
༥༦ སློབ་ཚན་ཁྲིད་སྐབས་ཚིག་གསར་ཁག་ལ་སྐབས་ཐོག་ལ་འགྲེལ་བཤད་མ་བརྒྱབ་པ།
༥༧ དག་ཡིག་སློབ་སྐབས་སྒྲ་དོན་གཉིས་ཀ་ངོ་སྤྲོད་མ་བྱས་པ།
༥༨ དག་ཡིག་སློབ་སྐབས་ཕལ་སྐད་དམ་ཡུལ་སྐད་བྱེ་བྲག་པའི་དབང་དུ་སོང་དྲགས་པ།
༥༩ མིང་གྲུབ་སྟངས་ལ་དབྱེ་ཞིབ་དང་འགྲེལ་བརྗོད་བྱེད་མ་ཐུབ་པ།
༦༠ ནོར་བཅོས་ལ་བརྟེན་ནས་དག་ཆ་ངེས་ཐབས་ལ་དོ་སྣང་ཆུང་བ།
༦༡ པར་རིགས་དང་རི་མོ་སོགས་ལ་བརྟེན་པའི་ཚིག་གསར་ལ་དོ་སྣང་ཆུང་བ།
༦༢ ཚགས་པར་དང་གསར་འགྱུར་ནང་གི་ཚིག་གསར་རིགས་བསྡུ་ལེན་མ་བྱས་པ།
༦༣ དཔོད་བྲིས་སྐབས་སྒྲ་དག་གསལ་གསུམ་མེད་པ།
༦༤ ཉན། བཤད། ཀློག འབྲི ལག་ལེན་གྱི་གོ་རིམ་མ་ངེས་པ།
༦༥ འབྲི ཀློག བཤད། ཉན། རྒྱུན་གཏན་གྱི་གོ་རིམ་ལ་ངེས་ཆ་མེད་པ།
༦༦ སློབ་ཚན་གང་དང་གང་ཡིན་པ་དེའི་འཕྲོས་ཁུངས་མ་གཏོགས་པ་དང་མ་བཤད་པ།
༦༧ སློབ་ཚན་དང་འབྲེལ་ཡོད་ཀྱི་ཟུར་ལྟའི་དཔེ་དེབ་ངོ་སྤྲོད་མ་བྱས་པ།
༦༨ སློབ་མའི་དཔེ་ཀློག་ཟིན་བྲིས་ལ་སྐུལ་ལྕག་མ་བཏང་བ།
༦༩ དཔེ་ཀློག་སྐབས་གནད་དོན་སྙིང་བསྡུས་འདོན་ཐབས་མ་བསླབ་པ།
༧༠ དཔེ་ཀློག་གི་གལ་ཆེའི་རང་བཞིན་དང་དེར་སྤྲོ་སྣང་སླེབས་ཐབས་ཀྱི་ལམ་སྟོན་མ་བྱས་པ།
༧༡ སློབ་མའི་རྣམ་འགྱུར་དང་། གནམ་གཤིས་ཀྱི་འགྱུར་ལྡོག ཁོར་ཡུག་དཀའ་ངལ་སོགས་ལ་མ་བསྟུན་པ།
༧༢ བསླབས་ཟིན་པའི་སློབ་ཚན་ཁག་ལ་བསྐྱར་སྦྱོང་དང་བསྐྱར་ཞིབ་མ་བྱས་པ།
༧༣ སློབ་ཚན་ཁག་གི་དཀའ་གནད་ཁག་ངོ་སྤྲོད་ཁ་གསལ་བྱེད་མ་ཐུབ་པ།
༧༤ སློབ་མའི་འབྲི་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་མ་ཐུབ་པ།
༧༥ འགན་ཁུར་གྱི་བསམ་བློ་ཤུགས་ཆུང་དྲགས་པ།
༧༦ ཀུན་སློང་ཡང་དག་མེད་པར་སློབ་ཁྲིད་བྱེད་པ།
༧༧ བྱམས་བརྩེའི་ནུས་སྟོབས་ཞན་པ།
༧༨ སློབ་ཁྲིད་ཡོ་བྱས་བེད་སྤྱོད་མང་དྲགས་པའམ་ཉུང་དྲགས་པ།
༧༩ འཚོ་བ་དངོས་དང་མ་སྦྱར་བར་སློབ་ཁྲིད་བྱེད་པ།
༨༠ འཛིན་གྲྭ་སྟངས་འཛིན་ལེགས་པར་བྱེད་མ་ཐུབ་པ།
༨༡ སློབ་མས་རང་ཉིད་ལ་གུས་བཀུར་དང་ཆེ་མཐོང་སོགས་བྱ་རྒྱུར་རེ་བ་ཆེ་དྲགས་པ།
༨༢ རང་ཉིད་སློབ་མའི་རྒྱལ་པོ་ལྟ་བུ་ཡིན་བསམ་པའི་འདུ་ཤེས་ཀྱི་རྒྱ་ཡན་དུ་སོང་བ།
༨༣ སློབ་མར་རྩུབ་སྤྱོད་ཆེ་དྲགས་པ།
༨༤ སློབ་མ་ལ་དབྱེ་འབྱེད་ཆེ་དྲགས་པ།
༨༥ སློབ་ཚན་དང་འབྲེལ་མེད་ཀྱི་སྤྲོས་བཤད་མང་དྲགས་པ།
༨༦ ནག་པང་ཐོག་གི་ཡི་གེ་མ་བསུབ་པར་སློབ་ཐུན་གཞན་ལ་འཇོག་པ།
༨༧ རིག་པ་རྣོ་རྟུལ་དང་། སློབ་སྦྱོང་ལེགས་ཞན་གཉིས་ཀར་རན་པའི་སློབ་ཁྲིད་མ་ཐུབ་པ།
༨༨ དགེ་སློབ་བར་སེམས་ཐག་རིང་དྲགས་པ།
༨༩ དགེ་རྒན་གྱིས་སློབ་མར་རྒྱུས་ལོན་ཉུང་དྲགས་པ།
༩༠ སློབ་མའི་སེམས་པ་སློབ་ཁང་དང་། སློབ་དེབ། དགེ་རྒན། སློབ་ཚན་སོགས་ཀྱི་ཐོག་བཀུག་མ་ཐུབ་པ།
༩༡ ནང་སྦྱོང་བསྐུར་རྒྱུ་མང་ཉུང་མི་འཚམ་པ།
༩༢ ནང་སྦྱོང་ཁག་དགེ་རྒན་གྱིས་དུས་ཐོག་ཏུ་ལྟ་བཤེར་མི་བྱེད་པ།
༩༣ དགེ་རྒན་གྱིས་རང་ཉིད་ཀྱི་བདེ་སྡུག་ཡོད་ཚད་འཛིན་ཁང་དུ་ཤོད་རྒྱུ་མང་དྲགས་པ།
༩༤ སློབ་ཚན་ཁག་གི་སྔ་ཕྱིའི་འབྲེལ་ལམ་ཡག་པོ་བཟོ་མི་ཐུབ་པ།
༩༥ སློབ་ཚན་ཁག་ཇི་ཙམ་ཤེས་ཡོད་མེད་ཞིབ་འཇུག་རྒྱུན་མཐུད་མ་བྱས་པ།
༩༦ དགེ་ལས་སློབ་གཉེར་བ་ཚང་མ་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་མཁན་ཡིན་པ་ངོ་མ་སྤྲད་པ།
༩༧ འཕྲོད་བསྟེན་དང་ཤེས་ཡོན་ཟུང་འབྲེལ་བྱེད་དགོས་སྐོར་ལམ་སྟོན་ཉུང་དྲགས་པ།
༩༨ ལྷག་བསམ་དང་ཤེས་ཡོན་ཡ་བྲལ་དུ་འགྱུར་ཉེན་ལ་ཡིད་གཟབ་མ་བྱས་པ།
༩༩ རང་ཉིད་ཀྱིས་བྱས་རྗེས་རྣམས་བྱས་ཡུས་ཤོད་རྒྱུ་མང་དྲགས་པ།
༡༠༠ ཁོར་ཡུག་གི་ཤེས་ཡོན་འབྱུང་ཁུངས་ཁག་ལ་དོ་སྣང་ཆེར་བསྐྱེད་བྱ་རྒྱུར་སྐུལ་མ་མ་བཏང་བ།

 

 

 

 

Contact

Administrator 416-453-9887 admin@wildyaks.com