གནས་སྐོར།

31/08/2016 21:39

 

སྔོན་ཆད་དགོན་པ་ཞིག་ལ། གྲྭ་བ་ཕན་ཚུན་འཆམ་ཞིང་མཐུན་པོ་ཡོད་པ་གཉིས་ཡོད། གཅིག་གི་མིང་ལ་དགེ་འདུན་དང་། 

གཅིག་གི་མིང་ལ་ནོར་བུ་ཟེར།ཉིན་ཞིག་ཁོང་གཉིས་ཀྱིས་ཕ་མའི་དྲིན་ལན་འཇལ་ཕྱིར་ཉི་མ་ལྷ་སར་འགྲོ་རྒྱུ་སེམས་ཐག་བཅད་དེ་ཕྱིན། 

 

ལམ་བར་དུ་ཁོང་གཉིས་འབྲོག་སྡེ་རྣམས་བརྒྱུད་ནས་འགྲོ་དུས། འབྲོག་པ་རྣམས་ཀྱིས་ཤ་མར་ཐུད་གསུམ་གྱི་སྦྱིན་པ་བྱིན། 

 

ཁོང་གཉིས་ཀྱིས་ཞིང་གྲོང་རྣམས་བརྒྱུད་ནས་འགྲོ་དུས། ཞིང་བ་རྣམས་ཀྱིས་གྲོ་ནས་སྲན་གསུམ་གྱི་སྦྱིན་པ་བྱིན།
 

རི་མཐོན་པོ་རེའི་མགོ་ལ་ཐོན་དུས་དར་ཅོག་བཙུགས་ཏེ་ཀི་བཏབ། ཐང་ཡངས་པོ་རེར་ཐོན་དུས་མེ་ཏོག་འཐུ་ཞོར་དུ་སོང་། 

 

ཉིན་ཞིག་ནོར་བུ་ལ་ནད་ཅིག་བྱུང་པས།དགེ་འདུན་གྱིས་ཁོའི་རྒྱབ་ནས་བསྐྱོར་ཞིང་། མདུན་ནས་འཐེན་ཏེ་སོང་། 

 

ཉི་མ་ལྷ་སར་ཐོན་ལ་ཉེ་བ་ན། ནོར་བུའི་ནད་ཚ་ཇེ་སྡུག་ཏུ་སོང་བས། དགེ་འདུན་གྱིས་ཁོ་རྒྱབ་ཏུ་ཁུར་ནས་སོང་། 

 

ཇོ་ཁང་མདུན་དུ་སླེབས་སྐབས་ནོར་བུ་གྲོངས་བ་རེད། དགེ་འདུན་གྱིས་ཁོའི་ཕུང་བོ་ཁུར་ནས་ཇོ་ཁང་ལ་བསྐོར་བ་བྱས། 

 

དགེ་འདུན་གྱིས་བླ་མ་མང་པོ་ལ་ནོར་བུའི་ཆེད་དུ། བསྔོ་རྟེན་ཕུལ་ཞིང་། ཁོའི་ཕུང་བོ་དགའ་ལྡན་གྱི་དུར་ཁྲོད་དུ་བསྐྱལ། 

 

དགེ་འདུན་གྱིས་སེར་འབྲས་དགའ་གསུམ་སོགས་དགོན་སྡེ་རྣམས་སུ། ནོར་བུའི་ཆེད་དུ་དགེ་རྩ་གང་ཐུབ་བསྒྲུབས་ཏེ་ཕྱིར་རང་ཡུལ་ལ་ཆས། 

རི་ཆེན་པོ་ཞིག་གི་ཉག་ཁ་བརྒྱུད་དེ་འགྲོ་བཞིན་པའི་ཚེ། རྒྱབ་ཕྱོགས་ནས་ནོར་བུའི་སྐད་འདྲ་བོ་ཞིག་གིས། ཝ་ཡེ། ང་ཡོང་གི་ཡོད་ཅེས་པའི་སྒྲ་ཞིག་གྲགས།

ཐང་ཆེན་པོ་ཞིག་བརྒྱུད་དེ་འགྲོ་བཞིན་པའི་ཚེ། རྒྱབ་ལོག་ནས། ཝ་ཡེ། ང་ཡིན། ང་ནོར་བུ་ཡིན་ཞེས་ནོར་བུ་དངོས་སུ་ཁོའི་མདུན་དུ་ཐོན།  

དགེ་འདུན་ཡ་མཚན་པ་དང་། སྨྲ་བ་མེད་པར་རེ་ཞིག་ཧད་དེ་ལུས། ནོར་བུས། ཡ་མི་ངན། ཁྲེལ་མེད། ང་གཅིག་པོ་གཡུགས་ནས་འགྲོ་དོན་ཅི་ཡིན་ཞེས་དྲིས། 

དགེ་འདུན་གྱི་སེམས་ལ་གང་དྲན་འདི་དྲན་མེད་པར། ནོར་བུ་ལ་འཐམ་ཏེ་མིག་ཆུ་བཏོན་པ་དང་། འདི་ངོ་མ་ཡིན་ནམ། ཞེས་སྐད་བརྒྱབ། 

དགེ་འདུན་གྱིས་ནོར་བུ་ལ་འཐམ་འཁྱུད་བྱེད་སྐབས། ནོར་བའི་རྒྱབ་ལ་སྒལ་ཚིགས་ཀྱི་རུས་པ་རྐྱང་བ་ཡིན་པ་ལས་ཤ་མེད་པ་ཚོར། 

དགེ་འདུན་གྱི་སེམས་ལ་འཇིགས་སྐྲག་སྐྱེས་ནའང་། ཧ་ཅང་དགའ་མདོག་གིས། ཁྱོད་ཕྱིར་བསླེབས་པ་ནི་ངའི་བདེ་སྐྱིད་ཡིན་ཞེས་བཤད། 

དེ་ནས་ཁོང་གཉིས་ལྷན་ཏུ་ཕྱིར་ལམ་ལ་ཆས། དགེ་འདུན་གྱིས་ནོར་བུའི་གཤིས་ཀ་དང་ཀུན་སྤྱོད་སྔོན་དང་མི་འདྲ་བར་དོ་སྣང་བྱུང་།  

དགོང་མོ་ཁོང་གཉིས་མཉམ་དུ་ཉལ་དུས་ནོར་བུའི་ལུས་ལ་དྲོད་ཅུང་ཟད་ཡང་མེད་པ། འཁྱགས་པོ་རྡོ་འདྲ་བ་ཞིག་ཡིན་པ་རེད།  

ཁོང་གཉིས་ཆུ་མིག་ཅིག་གི་ཁར་ཐོན་དུས། ནོར་བུས་ཨ་ཚ་ཚ། ངའི་རྐང་བ་ཞེས་སྐད་ཤོར། དགེ་འདུན་གྱིས་ཁོའི་ལག་པ་ནས་ཕྱིར་འཐེན། 

 

ནོར་བུ་སྐྲག་ཐག་ཆོད་དེ། ཁ་ནས་རྡོ་རྐོས། རྡོ་རྐོས་དེ་ཞེས་སྐད་ཤོར། དགེ་འདུན་གྱིས་དེ་ནི་རྡོ་རྐོས་མ་ཎི་ཡིག་དྲུག་ཅན་ཞིག་ཡིན་པ་མཐོང་།

 

ནུབ་མོ་དེར་དགེ་འདུན་གཉིད་ལས་སད་དུས། ནོར་བུའི་གདོང་ནས་ཁྲག་དམར་བཞུར་ཏེ། ཉིན་གསུམ་གྱི་རྗེས་སུ་ངས་ཁོ་དག་དག་བཟོ་ཆོག་ཅེས་ཁོང་ཁྲོ་ཆེན་པོས་བརྗོད་བཞིན་ཡོད་པ་རེད།  

ཕྱི་ཉིན་ལམ་བར་ནས་བྲག་ཁུང་ཅིག་བརྒྱུད་ནས་འགྲོ་དུས། ནོར་བུ་སྐྲག་ནས་ལུས་ལ་འདར་ཟུག་བརྒྱབ་པ་དང་འགྲོ་མ་ནུས། 

 

དགེ་འདུན་གྱིས་བྲག་ཁུང་དེ་མཚམས་ཁང་ཞིག་ཡིན་པ་ཤེས་ཏེ། གང་དྲན་འདི་དྲན་མེད་པར། ངས་ཁོ་དག་དག་བཟོ་ཆོག་ཅེས་མཚམས་ཁང་ནང་དུ་འཛུལ། 

 

དགེ་འདུན་མཚམས་ཁང་ནང་དུ་སླེབས་དུས། དེར་མཚམས་པ་ཞིག་ཡོད་པ་རེད། ཁོས་མཚམས་པ་དེ་ལ་ཕྱག་འཚལ་བ་དང་། མགོ་མཇུག་བར་གསུམ་གྱི་ལོ་རྒྱུས་ཐམས་ཅད་ཞུས། 

 

མཚམས་པ་དེས་ཁྱེད་རང་མཉམ་དུ་ཡོད་པ་དེ་ནོར་བུ་མ་རེད། དེ་ནི་འདྲེ་མ་མོ་མགོ་ཟེར་བ་དེ་རེད། མདང་དགོང་ང་ལ་གནོད་བྱེད་དུ་བསླེབས་སོང་། ངས་ཁོའི་གདོང་ལ་ཡུངས་དཀར་ཕངས་པ་ཡིན་ཞེས་གསུངས།

 

དེ་ནས་མཚམས་པ་དེས་འདྲེ་འདི་ཉིན་གསུམ་གྱི་ནང་དུ་འདུལ་མ་ཐུབ་ན། ཕྱིན་ཆད་མི་སུ་གཅིག་གིས་ཀྱང་འདུལ་མི་ཐུབ་པའི་འདྲེ་རྒོད་ཅིག་ཏུ་འགྱུར་ངེས་གསུངས། 
 

མཚམས་པ་དེས་ནོར་བུའི་མདུད་པ་དམར་པོ་ཞིག་སྤྲད་དེ། འདྲེ་དེི་འདུལ་སྐལ་ཁྱོད་ལ་ཡོད་པས། མདུད་པ་འདི་ཁོའི་སྐེ་ལ་འདོགས་དགོས་ཞེས་བཤད། 

 

མཚམས་པས་རང་གི་འཛུབ་རྩེ་ནས་ཁྲག་བཏོན་ཏེ། དགེ་འདུན་གྱི་གྲི་ཁར་བྱུག་ནས།གྲི་འདི་འདྲེ་མ་མོ་མགོ་ལ་སྟོན་དང་། ཁོའི་སྐེ་ལ་མདུད་པ་འདོགས་པའི་གོ་སྐབས་རེག་ཡོང་ཞེས་བཤད། 

 

དགེ་འདུན་མཚམས་ཁང་ལས་ཕྱིར་སྒོར་བུད་ནས་ཡོང་དུས། འདྲེ་མ་མོ་མགོས་ཁོའི་གྲི་ཁ་ནས་ཁྲག་འཛར་བཞིན་པ་མཐོང་ནས་དགའ་སྟེ། དགེ་འདུན་ལ་འཐམ། 

 

དགེ་འདུན་གྱིས་མདུད་པ་དེ་འདྲེ་མ་མོ་མགོའི་སྐེ་ལ་བཏགས། དེ་མ་ཐག་ཁོའི་ཁ་ནས་ཨ་ཚ། ཅེས་སྐད་ཆེན་པོ་ཞིག་བརྒྱབ་དུས། བསྟན་འཛིན་གཉིད་ལས་སད་དོ།། 

 

མཁས་གྲུབ་གྱིས་བསྡུ་སྒྲིག་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 


 


      								      		
            					
            

Topic: གནས་སྐོར།

No comments found.

New comment