ཐབ་ཀའི་ལོ་རྒྱས།

02/07/2011 09:08

 

༄༅།། གནའ་སྔ་མོར་རྔོན་པ་གཉིས་ཡོད་པར་རི་ཁྲོད་དུ་རི་དྭགས་རྔོན་པར་སོང་། ཁོང་གཉིས་ཉིན་གང་བོར་རི་ལུང་ཀུན་ཏུ་རྒྱུག་ཀྱང་ལག་འབབ་གཅིག་ཀྱང་མ་བྱུང་། ཁོ་གཉིས་ལྟོགས་སྐོམ་གྱི་དབང་གིས་རི་ལས་བབས་ཏེ་ནགས་ཆུ་འཛོམས་པའི་རི་ཁུག་ཅིག་ནས་ཇ་བསྐོལ་ཏེ་ངལ་གསོལ་བྱེད་པར་བརྩམས་པ་ནས། རི་སྐེད་ཀྱི་ལམ་ཕྲན་ཀྱག་ཀྱོག་བརྒྱུད་དེ་འགྲོ་བཞིན་པའི་སྒང་ལ་གློ་བུར་དུ་ཝ་ཁུང་ཞིག་མཐོང་བྱུང་།

 

          རྔོན་པ་གཅིག་གིས་ལྟོས་དང་། དོང་ཁ་རུ་ཝ་མོའི་སྡེར་རྗེས་གསར་བས་ཁེངས་འདུག་འདིའི་ནང་དུ་ཝ་མོ་ཡོད་ཁོ་ཐག་རེད་ཟེར།

                 རྔོན་པ་གཞན་དེས་དགའ་བའི་ངང་ནས་མར་ཤོག མྱུར་དུ་མར་ཤོག ང་ཚོ་དོང་ཁུ་རུ་སྒུག་བསྡད་ན་ཝ་མོ་སྒོར་འབུད་ངེས་ཡིན་ཞེས་ལབ།

         དེ་ནས་རྔོན་པ་གཉིས་རྒྱུག་ཡོང་ནས་རྩི་ཤིང་མང་བོ་བཏུས་ཏེ་དོང་ཁ་ནས་མེ་སྤར། མ་གཞིར། ཝ་མོའི་དོང་ལ་ཁུང་བུ་གཉིས་རེ་ཡོད་ལ། སྟེང་ངོས་སུའང་ཁུང་བུ ་གཅིག་ཡོད་དེ། ཁུང་བུ་གཅིག་ཏུ་མེ་སྤར་ཚེ་ཁུང་བུ་ཅིག་ཤོས་ནས་འཕྲལ་དུ་དུ་བ་ལྷོག་ལྷོག་འཕྱུར་བ་དང་། སྟེང་ངོས་ཀྱི་ཁུང་བུ་དེ་ལས་དེ་མ་ཐག་མེ་ལྕེ་མཆེད། མེ་འབུད་པའི་རྔོན་པས་གནས་ཚུལ་དེ་མཐོང་རྗེས་དངངས་འཚབ་སྐྱེས་ཏེ་རྒྱུག་ཡོང་ནས།

        མེ་ལྕེ་མཆེད་སོང་། མེ་ལྕེ་མཆེད་སོང་། ཅི་ཞིག་གིས་ཁུང་འདི་གཅོད་དམ། ཞེས་པའི་སྐད་ཅོར་བརྒྱབ་པ་ན། རྔོན་པ་གཞན་གཅིག་པོས་བློ་ཞིག་དྲན་ཏེ། མྱུར་དུ་སོང་ནས་རྟའི་འཕོང་གི་སླ་ང་ཁྱེར་ཤོག དེའི་ནང་དུ་ཆུ་བླུག་རྗེས་སླ་ང་ཡིས་ཁུང་ཁ་དེ་ཆོད་ཅིགཅེས་བཤད། 

          དེ་བཞིན་ཁུང་བུ་གཅིག་ཏུ་མེ་སྤར་ཏེ་སླ་ངའི་ནང་དུ་ཇ་ལོ་བཏབ་པ་དང་ཅུང་མ་འགོར་བར་ལས་སླ་མོའི་ངང་ཇ་འཁོལ་ནས་འཐུང་འཐུང་ཐུབ་པ་བྱུང་།

    ངག་རྒྱུན་ལ། འདི་ནས་བཟུང་མི་རྣམས་ཀྱིས་ཐབ་ཀ་ལས་ནས་མེ་སྤྱོད་ཤེས་པར་གྱུར། ཕྱིས་སུའང་འདི་ལས་བློ་སྒོ་ཕྱི་སྟེ་བླ་ལྷག་གིས་རོང་འབྲོག་སོ་སོའི་ཐབ་ཀ་དང་དེང་རབས་ཀྱི་ལྕགས་ཐབ་བཟོ་བ་སོགས་ཀྱང་དེ་ལས་བྱུང་བར་བཤད།