མཐུན་པ་སྤུན་བཞི།

03/07/2017 09:53
མཐུན་པ་སྤུན་བཞི། 
 
༄༅ །། ཉིན་ཞིག་བྱ་གོང་མོ་ཞིག་གིས་ཁམ་བུའི་འབྲས་བུ་ཞིག་བཟུང་སྟེ་འཕུར་ནས་སོང་སོང་བའི་མཐར་ཁམ་བུའི་འབྲས་བུ་དེ་ལུང་བ་ཞིག་གི་ནང་དུ་བཏབ།
 
ཉིན་ཞིག་རི་བོང་ཞིག་བྱ་གོང་མོས་ཁམ་འབྲས་བཏབ་པའི་ས་དེར་ཡོང་སྟེ་བྱ་གོང་མོ་དང་ལྷན་དུ་ཁམ་སྡོང་ལ་ཆུ་བླུག་ནས་བསྡད། 
 
ཉིན་ཞིག་སྤྲེའུ་ཞིག་ཀྱང་ས་དེར་ཡོང་སྟེ་བྱ་གོང་མོ་དང་རི་བོང་མཉམ་དུ་ཁམ་སྡོང་ལ་ཆུ་བླུག་ཞོར་དུ་རྩེད་མོ་རྩེས་ནས་བསྡད།
 
དེ་ནས་ཡང་ཉིན་ཞིག་ལ་གླང་ཆེན་ཞིག་ས་ཆ་དེར་ཡོང་སྟེ་བྱ་གོང་མོ་དང་རི་བོང་། སྤྲེའུ་བཅས་ལྷན་དུ་རྩེད་མོ་རྩེས་ནས་བསྡད། རིམ་གྱིས་ཁམ་སྡོང་དེ་ཆེན་པོར་སྐྱེས།
 
ཉིན་ཞིག་སེམས་ཅན་དེ་བཞིས་ཁམ་སྡོང་གི་ཡལ་འདབ་འོག་ནས་ཕྱི་རབས་པ་ཚོར་མིག་དཔེ་འཇོག་ཕྱིར་རྒན་པ་ལ་གུས་བརྩི་བྱེད་པའི་ལམ་སྲོལ་གཏོད་པར་གྲོས་བྱས། 
 
གླང་ཆེན་གྱིས་ང་ས་འདིར་ཡོང་དུས་ཁམ་སྡོང་འདི་ངའི་ལུས་ཚད་དང་མཉམ་ཟེར། སྤྲེའུས་ང་ཡོང་དུས་ངའི་ལུས་ཚད་དང་མཉམ་ཟེར། རི་བོང་གིས་ང་ཡོང་དུས་ངའི་ལུས་ཚད་དང་མཉམ་ཟེར། གོང་མོས་ཁམ་འབྲས་འདེབས་མཁན་དེ་ང་ཡིན་ཞེས་བཤད།
 
དེ་ནས་ཁོང་རྣམས་ཀྱིས་གཞོན་པས་རྒན་པར་སྲི་ཞུ་དང་། རྒན་པས་གཞོན་པར་བྱམས་སྐྱོང་གནང་བའི་སྲོལ་བཙུགས་ཏེ། གླང་ཆེན་གྱིས་སྤྲེའུ་ཁུར། སྤྲེའུས་རི་བོང་ཁུར། རི་བོང་གིས་བྱ་གོང་མོ་ཁུར་ནས་ཕན་ཚུན་མཛའ་བརྩེའི་ངང་གནས་སོ།། 
 
དེར་བརྟེན་ཡུལ་དེར་གནས་པའི་གཅན་གཟན་དང་རི་དྭགས་ཐམས་ཅད་ཀྱང་ཕ་མ་གཅིག་གི་སྤུན་ལྟར་ཕན་ཚན་ལ་གུས་བརྩི་བྱས་ཏེ་གནས། ཡུལ་ཁམས་ལའང་ནད་མུག་འཁྲུག་རྩོད་ཞི་སྟེ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་བྱུང་ངོ།།