ཙི་ཙིའི་མཁན་པོ།

04/01/2018 10:29

༄༅།། སྔོན་མ་ཞིག་ན། དགོན་པ་ཞིག་གི་མཐའ་ན་ཞི་མི་ཚོན་པོ་ཞིག་ཡོད། ཉིན་ཞིག་ཞི་མི་དེ་གྲྭ་ཤག་ཏུ་འཛུལ་ནས་བན་ཆུང་ཞིག་གི་ཕྲེང་བ་བརྐུ་བཞིན་ཡོད་དུས། བན་ཆུང་གིས་ཞི་མིའི་རྔ་མ་ནས་བཟུང་སྟེ་ཤུགས་ཀྱིས་ཚུར་འཐེན། ཞི་མིས་ཀྱང་ཤུགས་ཀྱིས་ཕར་འཐེན་ཏེ་རྔ་སྣེ་ཆད་པ་རེད། 

དེ་ནས་བཟུང་ཞི་མི་དེ་གྲྭ་ཤག་ཏུ་འགྲོ་མ་ཕོད་པ་དང་ཙི་ཙི་འང་འཛིན་མ་ཐུབ་པར་ཉམ་ཆུང་དུ་གྱུར་བ་རེད། ཉིན་ཞིག་ཞི་མི་དེ་རི་འདབས་སུ་ཉལ་ནས་ཡོད་དུས། ཙི་ཙི་ཆུང་ཆུང་ཞིག་མཐོང་བ་དང་། དེ་མ་ཐག་ཁོས་ཕྲེང་བ་སྐེ་ལ་བསྐོན་ཏེ།  ང་ནི་ཙི་ཙིའི་མཁན་པོ་ཡིན། ངས་སྲོག་མི་གཅོད། མ་བྱིན་པ་མི་ལེན། རྫུན་མི་བཤད། ཁྱོད་སོང་ལ་ཙི་ཙིའི་ཚོགས་ལ་དེ་ལྟར་ཤོད་ཅེས་མངགས་སོ།

ཙི་ཙི་ཆུང་ཆུང་དེ་ཁོའི་བཀའ་མངག་ལྟར་ཙི་ཙི་རྣམས་ཀྱི་མདུན་དུ་སོང་སྟེ། དེ་རིང་ང་བླ་མ་ཞིག་ལ་མཇལ་བྱུང་བ་དང་། ཁོང་གིས་ཁྱེད་རྣམས་ལ་ཆོས་ཉན་དུ་ཤོག་ཅེས་སྐད་གཏོང་དུ་མངག་བྱུང་ཞེས་བཤད། ཙི་ཙི་རྣམས་དགའ་ཐག་ཆོད་དེ་གཅིག་རྗེས་ལ་གཅིག་རྒྱུགས་ཏེ་ཞི་མིའི་དྲུང་དུ་ཆོས་ལ་ཉན་དུ་སོང་།

ཞི་མིས་ཡིན་མདོག་ཆེན་པོས་ཁ་ནས་ཨེ་མ་ཧོ། ཨེ་མ་ཧོ་ཞེས་སྐད་ཆེན་པོས་ཆོས་འདོན་ཁུལ་བྱས་པ་དང་། ཆོས་ཐུན་རེ་རེའི་མཇུག་དུ། ཙི་ཙི་ཚོར་བསྐོར་བ་རེ་བྱེད་དུ་བཅུག་ནས། ཙི་ཙི་རྗེས་མ་དེ་ཁོས་ཟ་བཞིན་ཡོད་པ་རེད། དུས་ཡིན་རིང་བོ་མ་འགོར་བར། ཞི་མི་དེ་སླར་ཡང་ཚོན་པོ་ཞིག་ཏུ་གྱུར།

དེ་ནས་ཉི་མ་རེ་རེ་སོང་དུས། ཙི་ཙིའི་གྲངས་ཀ་ཇེ་ཉུང་ལ་སོང་། ཙི་ཙི་རྣམས་ཀྱིས་ཚོགས་འདུ་བསྡུས་ཏེ་ཁོ་ཚོའི་གྲངས་ཀ་ཇེ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་སྐོར་ལ་གྲོས་མོལ་བྱས་ཤིང་། ཞི་མི་མཁན་པོ་ལ་བརྟག་ཕྱིར་ཁོའི་སྐེ་ལ་དྲིལ་ཆུང་ཞིག་འདོག་པར་གྲོས་འཆམས།

ཕྱི་ཉིན་ཞི་མིས་ཆོས་འདོན་འགོ་བཙུགས་དུས། ཙི་ཙི་ཚོས་ཕྱག་འཚལ། གུས་པ་ཆེན་པོས་མཁན་པོ་ཚང་ལ། རྒྱན་ཆ་ཞིག་འབུལ་གི་ཡིན་ཞེས་ཞི་མིའི་སྐེར་དྲིལ་ཆུང་དེ་བཏགས་པ་རེད། དེ་ནས་ཆོས་ཐུན་གཅིག་གི་རྗེས་སུ། དྲིལ་བུའི་སྒྲ་གྲགས་འོངས་པ་ན།ཙི་ཙི་ཚང་མ་དེར་བརྒྱུགས་ནས་ལྟ་དུས། ཞི་མིས་ཙི་ཙི་ཞིག་གསོད་ཀྱིན་པ་མཐོང་། དེ་ནས་ཙི་ཙི་ཚང་མ་རང་རང་གི་ནང་ལ་བྲོས་པ་དང་། དེ་ནས་ཡང་ཞི་མི་དེས་ལྟོགས་སྐོམ་མྱོང་དགོས་བྱུང་བ་རེད།