ཟགས་ཐིགས

08/07/2015 07:49

མི་ལ་ཟགས་སུ་འཁྲུལ་བ་ཡིས།
སྟག་གི་སྙིང་སྲིད་གས་ལ་ལྟོས།

 

སྔོན་ས་ཆ་ཞིག་ན། རྒན་རྒོན་གཉིས་ཡོད་པ་དང་།  རྒན་རྒོན་དེ་གཉིས་ལ་སྒོ་ཟོག་གླང་རྒན་ཞིག་ལས་མེད། ཉིན་ཞིག་རྐུན་མ་ཞིག་གིས་རྒན་རྒོན་དེ་གཉིས་ལ་གླང་རྒན་གཅིག་ཡོད་པ་ཤེས་ཏེ།  གླང་རྒན་དེ་རྐུ་རུ་སོང་ནས།ཁང་པའི་གདུང་མའི་སྟེང་དུ་ཡིབ་ནས་བསྡད་པ་རེད།

ཉིན་དེར་སྟག་གཅིག་ཡོད་པ་དེས་ཀྱང་། གླང་རྒན་དེ་ཟ་བར་འདོད་ནས། ཁང་བའི་གདུང་མའི་འོག་ཏུ་ཡུབ་ནས་བསྡད་པ་རེད།

ནུབ་མོ་དེར་ནམ་མཁའ་ལ་སྤྲིན་འཁྲིགས་ཏེ་མུན་ནག་འཐིབས་པ་དང་། རྒན་མོ་ན་རེ། དོ་ནུབ་རྐུན་མ་མི་འོང་ངམ་ཟེར་བ་ལ། རྒད་པོ་ན་རེ། གནམ་བདག་ཡོང་ནའང་མི་སྐྲག ས་བདག་ཡོང་ནའང་མི་སྐྲག་མོད། གལ་ཏེ་ཟགས་ཐིགས་ཡོང་བ་ཡིན་ན་ངེད་གཉིས་ཀྱིས་ཅི་བྱ་ཞེས་བཤད།

རྐུན་མ་དང་སྟག་གཉིས་ཀྱི་སེམས་ལ། རྒད་པོའི་སྐད་ཆར་ཉན་ན། ཟགས་ཐིགས་ཞེས་པའི་འཇིགས་སུ་རུང་བ་ཞིག་ཡོང་རྒྱུ་ཡོད་ཚོད་རེད་བསམ་པ་དང་། སེམས་ནས་དེ་རིང་དེ་མི་ཡོང་བར་སྨོན་ཞེས་འཇིགས་སྐྲག་ཁྲོད་སྨོན་ལམ་འདེབས་བཞིན་བསྡད།

ཅུང་མ་འགོར་བར། རྐུན་མས་རང་གི་འོག་ཏུ་སྟག་གཅིག་ཡོད་པ་མཐོང་ནས། ཧ་ཅང་སྐྲག་སྟེ་གཅིན་པ་ཤོར། གཅིན་པ་སྟག་གི་སྟེང་ལ་འཛག

སྟག་གིས་དེ་མ་ཐག། ཡར་བལྟས་པ་ན། རྐུན་མ་ཁང་བའི་གདུང་མའི་མགོར་ཡོད་པ་མཐོང་སྟེ། ཟགས་ཐིགས་ཟེར་བ་དེ་རེད་བསམ་ནས་ཤིན་ཏུ་འཇིགས་ཤིང་སྐྲག་ནས་བྲོས་པས། མཐར་སྟག་གི་སྙིང་གས་ནས་ཤི་བ་རེད།།

  • མཁས་གྲུབ་གྱིས་བསྡུ་སྒྲིག་བྱས་པ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: ཟགས་ཐིགས

No comments found.

New comment