རུས་སྤལ་དང་སྤྲེའུ།

30/06/2011 12:56

༄༅།།  གནའ་སྔ་མོའི་དུས་སུ། རུས་སྤལ་ཞིག་དང་སྤྲེའུ་ཞིག་གྲོགས་པོ་བྱས་ཏེ་དགུན་ཟླ་གསུམ་གྱི་རིང་ལ་བྲག་ཕུག་ཅིག་ཏུ་ལྷན་དུ་གནས་སོ།

      

ཐེངས་ཤིག་ལ། རུས་སྤལ་མཚོ་ནང་དུ་ལོག་པ་ན། རང་གི་ཁྱིམ་གྱི་རུས་སྤལ་མོ་དེ་ཁོ་རང་དུས་རྒྱུན་དུ་ཕྱི་རོལ་ཏུ་སྡོད་པ་ལ་མ་དགའ་བས། རང་ལ་ནད་ཚབས་ཆེན་ཞིག་བྱུང་ཁུལ་གྱིས་ན་བརྫུ་བྱས། རུས་སྤལ་གྱིས་དེ་ལ་ཅི་ཕན་ཞེས་པ་ལ། སྤྲེའུའི་སྙིང་ཞིག་ཡོད་ན་ཕན་ནོ་ཟེར།  འོ་ན་ངས་གྲོགས་པོ་ལ་

སྙིང་བསླངས་ནས་འོང་ཞེས་པར། རུས་སྤལ་མོས། སྙིང་བསླངས་ན་མི་སྟེར་བས་འདི་ལྟར་གྱིས་ཤིག་ཅེས་གཡོ་ཐབས་བསླབས་ནས་མངགས།

          རུས་སྤལ་གྱིས་རང་གི་གྲོགས་པོ་སྤྲུའུ་ལ། ཀྱེ་གྲོགས་པོ་བཟང་བོ། ད་ཐེངས་ཁྱེད་རང་ངའི་ཁྱིམ་ལ་ལན་ཅིག་བལྟ་རུ་ཕྱིན་ན་ཇི་འདྲ་རེད། ཅེས་པ་ལ། སྤྲེའུ་ན་རེ། ཁྱེད་ཀྱི་ཁྱིམ་མཚོ་ཞབས་ན་ཡོད་པས་ང་མི་འགྲོ།  ཞེས་སྨྲས།  རུས་སྤལ་གྱིས། གལ་ཏེ་ཁྱེད་རང་བདག་གི་ཁྱིམ་ལ་ལན་ཅིག་མ་སོང་ན་ཁ་ཙམ་གྱི་གྲོགས་པོ་རེད། ཞེས་ནན་གྱིས་བསྐུལ་བ་ལ་ངོ་མ་ཆོད་པར་སྤྲེའུས་འགྲོ་བར་ཁས་བླངས། རུས་སྤལ་གྱིས་སྤྲེའུ་རྒྱབ་ལ་ཁུར་ནས་མཚོ་ནང་དུ་ཕྱིན།       

       རུས་སྤལ་གྱི་ཁྱིམ་དུ་སླེབས་པ་ན། རུས་སྤལ་ན་རེ། ངའི་ཆུང་མ་ན་བ་འདི་ལ་སྤྲེལ་སྙིང་ཞིག་བྱུང་ན་ཕན་ཟེར་བས་གྲོགས་པོའི་སྙིང་སྟེར་དགོས། ཞེས་སྨྲས་པ་ལ། སྤྲེའུ་ན་རེ། ཨེ་མ་གྲོགས་པོ་ལས་ངན་པོ། ད་ཅི་གོང་དུ་མི་གསུང་བ་ཅི་ཡིན། བདག་ཅག་སྤྲེའུ་རྣམས་ཀྱི་སྙིང་ཤིང་གི་རྩེ་ན་ཡོད། ད་ནི་ལེན་དུ་འགྲོ་ཞེས་སྨྲས་པ་དང་། རུས་སྤལ་གྱིས་བདེན་ནམ་སྙམ་སྟེ་སྤྲེའུ་ཁུར་ནས་སླར་སྙིང་ལེན་དུ་སོང་།

      ཐང་ཤིང་ཞིག་གི་རྩར་སླེབས་པ་དང་སྤྲེའུ་ན་རེ། ཁྱོད་རང་ཐང་ཤིང་གི་རྩ་བ་འདིར་ཁ་གདོངས་ལ་སྡོད་ཅིག   ངས་ཐང་ཤིང་གི་རྩེ་ནས་སྙིང་མར་ལ་གཏོང་བར་བྱེད་དོ། ཞེས་བརྗོད་ཅིང་ཐང་ཤིང་གི་རྩེ་ལ་སོང་སྟེ་སྤྲུའུས་སྨས་པ།

 གྲོགས་པོ་ངན་བསྟེན་པས་འཕུངས།

དོན་མེད་རྒྱ་མཚོའི་གཏིང་དུ་ཁྲིད།

རིན་ཆེན་སྲོག་དང་འབྲལ་ལ་བྱས། 

སྤྲེལ་སྙིང་འདོད་ན་སྤྲེལ་སྐྱག་ཁྱེར།

 ཞེས་བརྗོད་དེ་བྲུན་ཞིག་བཏང་བར་རུས་སྤལ་གྱི་ཁར་བྲུན་དེ་ཙར་གྱིས་སོང་། དེ་ལ་ལུགས་ཀྱི་བསྟན་བཅོས་ལས། 

 མཛའ་བཤེས་ངན་པའི་ཚིག་མི་ཉན།

མཛའ་བཤེས་ངན་པའི་ཚིག་ཉན་ན།

འདོད་དོན་མེད་དེ་བསླུ་པར་འགྱུར།

 

Topic: རུས་སྤལ་དང་སྤྲེའུ།

No comments found.

New comment