ཀུན་དགའ་ཚེ་རིང་།

ངའི་སྐྱེས་མིང་ལ་ ཀུན་དགའ་ཚེ་རིང་ཟེར་ཞིང་། ༡༩༩༢ ་ལོར་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་སུ་རྒན་གྱའི་གསེར་གཞུང་ནས་ངུ་ངག་གི་དབྱངས་རྟ་འཐོར། ༢༠༠༥ ་བར་བོད་ནང་དུ་སློབ་ཆུང་དང་སློབ་འབྲིང་འགྲིམས་ཏེ་ཤེས་རིག་གི་སྒོ་གླེགས་རྡུང་།༢༠༠༦ ་ལོར་མི་རིགས་ཤིག་གི་ཆག་འཇིག་གི་ཤོག་ལྷེབ་བར་ནས་སྐྱབས་བཅོལ་གྱི་ལམ་བུ་སྙེགས།༢༠༠༡༤ ་བར་༧རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་རྗེ་བཀའ་དྲིན་འོག་གོ་པལ་པུར་བོད་ཁྱིམ་སློབ་གྲྭ་དང་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ་གཉིས་ནས་དེང་དུས་ཀྱི་ཤེས་ཡོན་ལ་སློབ་གཉེར་བྱས།ད་ལྟ་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཅན་ནེ་བྱ་
བ་རུ་ཨེ་སི་རམ་གཙུག་ལག་སློབ་ཆེན་(SRM university)དུ་ རྩིས་འཕྲུལ་བརྡ་འཕྲིན་ཤེས་བྱའི་( Information Technology Engineering) ཆེད་སྦྱོང་ཐོག་སློབ་ལ་འཇུག་བཞིན་ཡོད།དུང་ཞེན་དང་དགའ་མོས་ཤིག་གི་དབང་གིས་སློབ་གྲྭའི་རིང་ ༼དང་བླངས་ཕ་སྐད་ཞབས་ཞུ་ཚོགས་ཆུང་༽ ཞེས་པ་གྲོགས་འགའ་དང་ལྷན་དུ་བཙུགས་ཏེ། རང་གི་སྐད་ཡིག་དང་འབྲེལ་བའི་༼འགན་འཁྲི་དང་འཚོལ་སྙེགས་ ༽ ཀྱི་ལོ་དེབ་གཙོས་ལས་འགུལ་མི་ཉུང་བ་ཞིག་གིས་སློབ་གྲོགས་མང་པོར་བག་ཆགས་ཟབ་མོ་བཞག ། ཞོར་དུ་རྩོམ་ཡིག་ཐར་ཐོར་རེ་སློབ་གྲྭའི་དུས་དེབ་དང་བཙན་བྱོལ་གྱི་ཚགས་ཤོག་འགར་བཀོད་མྱོང་། མ་ཟད་ཤེས་རིག་ལས་ཁུངས་ཀྱི་རྩོམ་ཡིག་འགྲན་བསྡུར་ཁྲོད་དུ་ལོ་རེར་རྩོམ་ཡིག་ཕུལ་བྱུང་གི་བྱ་དགའ་རེའང་ལེན་མྱོང་། མི་རིགས་ཤིག་གི་ཆག་གྲུམ་གྱི་ལོ་རྒྱུས་རྨི་ལམ་དུ་འཁྱེར་ནས་རང་དབང་དང་བདེ་སྐྱིད་འཚོལ་སྙེགས་ཀྱི་ལམ་བུ་ནས་ "རང་གི་ནུས་པའི་སྲི་ཞུ་ཅུང་ཟད་ཙམ་ཞིག་བསྒྲུབ་" ཐུབ་རྒྱུའི་ཕུགས་བསམ་ཞིག་བཅངས་ཡོད།