ཁྱིམ་ཚང་ནང་འདྲ་མཉམ་ཡོད་ན་བྱིས་པ་སྐྱོང་སླ།

ཁྱིམ་ཚང་ནང་འདྲ་མཉམ་ཡོད་ན་བྱིས་པ་སྐྱོང་སླ།


འདས་པའི་ལོ་ཤས་ཀྱི་ནང་དུ་བོད་པའི་སྐད་འཕྲིན་དྲ་ལམ་དུ་ཕ་མ་མང་པོས་ཁྱིམ་ཚང་ནང་དུ་ཕོ་མོ་འདྲ་མཉམ་ཡོང་ཐབས་དང་། བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་ཀྱི་སྐོར་ལ་བགྲོ་གླེང་མང་པོ་བྱས་ཤིང་། བགྲོ་གླེང་གི་རྩ་བ་བྱིས་སྐྱོང་ལ་སོགས་པའི་ཁྱིམ་སྐྱོང་སློབ་གསོ་ཡར་རྒྱས་གོང་འཕེལ་དུ་གཏོང་བར་དམིགས་པ་རེད། ཁྱིམ་ཚང་ནང་དུ་འདྲ་མཉམ་མེད་པའི་བུད་མེད་མང་པོས་རང་ཉིད་ཀྱི་ལུས་སེམས་ཀྱིས་མྱངས་པའི་སྡུག་བསྔལ་གྱི་སྐོར་གླེལ་མོལ་བྱེད་དུས། སྐྱེས་པ་རེ་ཟུང་གིས་དེ་ལ་རྒོལ་བ་བྱས་པ་རེད། རྒོལ་བ་བྱེད་མཁན་ཚོའི་ཁྲོད་དུ་དགེ་འདུན་པའང་རེ་ཟུང་ཡོད། སློབ་གསོ་མྱངས་པའི་སྐྱེས་པ་རེ་ཟུང་གིས་ང་ཚོ་ལ་ཁྱིམ་ཚང་ནང་གི་འདྲ་མཉམ་ལས་ལྷག་པའི་དཀའ་ཁག་མང་པོ་ཡོད་པས། ཁྱིམ་ཚང་གི་འདྲ་མཉམ་གླེང་བའི་དུས་ལ་བབས་མེད་ཚུལ་བརྗོད། ཡང་སྐྱེས་པ་འགའ་རེས་བུད་མེད་ཀྱི་ལུས་ཀྱི་གྲུབ་ཚུལ་སྐྱེས་པ་དང་མི་འདྲ་བས་ཐོབ་ཐང་འདྲ་མཉམ་ཡོང་མི་སྲིད་པ་ལ་སོགས་པའི་གླེན་བཤད་ཀྱང་བྱས། དཔེར་ན་སྐྱེས་པ་ཞིག་གིས་བྱིས་སྒྲུང་གླེང་གི་དྲ་ཚོམས་དུ་ཁྱེད་ཚོས་མི་དགོས་པའི་ཁྱིམ་ཚང་གི་འདྲ་མཉམ་ཟེར་བ་གླེང་ཁུལ་བྱས་ཏེ་ངའི་ཁྱིམ་ཚང་གཏོར་སོང་ཞེས་དྲ་ཚོམས་ལས་ཕྱིར་བུད། འོན་ཀྱང་། ཁྱིམ་ཚང་ནང་དུ་ཕོ་མོ་འདྲ་མཉམ་མེད་པའི་གནད་དོན་འདི་ང་ཚོ་བོད་པའི་སྤྱི་ཚོགས་ཁོ་ནར་འཕྲད་པའི་དཀའ་ངལ་ཞིག་མ་ཡིན་པ་གསལ་བོ་བརྗོད་འདོད་བྱུང་། དཔེར་ན་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ནང་དུའང་ཕོ་མོ་འདྲ་མཉམ་གྱི་བྱ་བའི་གནས་སྟངས་གོང་འཕེལ་གྱི་བྱུང་རབས་ནང་དུའང་། བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་པ་དང་ཁྲིམས་ལུགས་རིག་པ་ཚོས་འཐབ་རྩོད་ཀྱི་གོ་རིམ་པ་མང་པོ་ཞིག་བརྒྱུད་པའི་མཐར་ད་ལྟའི་གནས་སྟངས་ལ་བསླེབས་པ་རེད། དེ་ལྟར་ན་ཁྱིམ་ཚང་ནང་དུ་འདྲ་མཉམ་གྱི་འཚོ་བ་ཡོད་པ་ཡིན་ན། བུ་ཕྲུག་གསོ་སྐྱོང་བྱེད་སླ་བའི་སྐོར་ཅུང་ཟད་གླེང་རྒྱུ་ཡིན།
 
ཡར་རྒྱས་ཀྱི་རྩ་བ་མཐུན་སྒྲིལ་ཡིན། མཐུན་སྒྲིལ་གྱི་རྩ་བ་འདྲ་མཉམ་ཡིན་ཞེས་བཤད་སྲོལ་ཡོད་པ་ལྟར། འདྲ་མཉམ་གྱི་རྨང་གཞིའི་སྟེང་དུ་ཁྱོ་ཤུག་གཉིས་ཀྱིས་མཐུན་སྒྲིལ་གྱི་ནུས་པ་གཅིག་སྒྲིལ་བྱེད་ཐུབ་པ་ཡིན་ན། སྤྱི་ཚོགས་ཀྱི་གྲུབ་ཆ་རུ་གྱུར་བའི་ཁྱིམ་ཚང་རེ་རེ་ཡར་རྒྱས་སུ་འགྲོ་ཐུབ་པར་བཤད། དེ་ན་ང་ཚོ་བོད་པའི་ཕ་མ་ཚོས་ཀྱང་ནུས་ཤུགས་གཅིག་སྒྲིལ་གྱིས་ཁྱིམ་ཚང་སྐྱོང་དགོས་པ་གལ་ཆེ། ཚན་རིག་དང་དཔལ་འབྱོར་དར་ཞིང་། སློབ་གསོར་གཙིགས་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་ཁྱིམ་ཚང་སྐྱོང་བའི་ལམ་ལུགས་ནི་ཁྱོ་ཤུག་འདྲ་མཉམ་གྱི་རྨང་གཞིའི་སྟེང་དུ་ནུས་ཤུགས་གཅིག་སྒྲིལ་བྱེད་པ་དེ་ཡིན། དེ་ནི་ཁྱོ་ཤུག་གཉིས་ཀ་འགྲོ་བ་མི་ཡིན་པ་གཅིག་མཚུང་ཡིིན་པ་དང་ཁྱིམ་སྐྱོང་གི་འཇོན་ནུས་འདྲ་མཉམ་དུ་ཡོད་པས་ཡིན། ཁྱིམ་མི་འདྲ་མཉམ་ཡོང་བའི་ཆ་རྐྱེན་གཙོ་བོ་དེ་ནི་ཕོ་མོ་གཉིས་ཀྱི་སེམས་ལ་ཁྱོ་ཤུག་འདྲ་མཉམ་གྱི་འདུ་ཤེས་བརྟན་པོ་ཞིག་ཡོད་དགོས། འདུ་ཤེས་བརྟན་པོ་ཆགས་པའི་བྱེད་ཐབས་ཆེས་ལེགས་པ་ནི་ཁྱོ་ཤུག་གཉིས་ལ་ཕན་ཚུན་གྱི་བཟང་གཤིས་ལ་ལྟ་བའི་གོམས་གཤིས་ཡོད་དགོས་པ་དེ་ཡིན་ཞིང་། ཁྱིམ་དོན་ཐག་གཅོད་ཀྱི་རང་དབང་དང་རྒྱུ་ནོར་ལོངས་སྤྱོད་ཀྱི་རང་དབང་། འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་སོགས་པ་འདྲ་མཉམ་དུ་ཡོད་དགོས་པ་ཡིན། དེ་བཞིན་དུ་་ཁྱིམ་ཚང་འཆམ་མཐུན་དང་ཁྱིམ་ཚང་མཉམ་སྐྱོང་། བུ་ཕྲུག་གསོ་སྐྱོང་གི་འགན་ཁུར་ལ་སོགས་པ་འདྲ་མཉམ་དུ་ཡོད་དགོས་པ་མ་ཟད། ཕན་ཚུན་ལ་བསམ་ཤེས་དང་གུས་བརྩི་བྱེད་དགོས་པ་ཡིན། བོད་པའི་གཏམ་དཔེར་ཕོ་རབས་ཤིག་གི་བློ་རྒྱ་ལས། ཕོ་འབྲིང་གཉིས་ཀྱི་གྲོས་ཁ་བཟང་ཞེས་པ་ལྟར། བྱིས་སྐྱོང་ལ་སོགས་པའི་ཁྱིམ་སྐྱོང་གི་གོ་རིམ་ཁྲོད་དུ་ཁྱོ་ཤུག་ཟུང་འབྲེལ་གྱིས་ཁྱིམ་དོན་ཐག་གཅོད་བྱས་ཏེ་ཁྱིམ་ཚང་སྐྱོང་དགོས་པ་ཤིན་ཏུ་གལ་ཆེ། དེ་ལྟར་བྱེད་ཐུབ་པ་ཡིན་ན་ཁྱོ་ཤུག་གཉིས་ཀྱིས་གཟུང་ཁ་གཅིག་སྒྲིལ་གྱིས་བུ་ཕྲུག་གསོ་སྐྱོང་གི་ལས་དོན་འཐུས་ཤོར་དུ་མི་གཏོང་བ་དང་། ཁྱིམ་ཚང་གི་འཚོ་གནས་ཕྱོགས་ཡོངས་ནས་ཇེ་བཟང་དུ་འགྲོ་བ། ཁྱིམ་ཚང་ནང་དུ་རྙོག་དྲ་ཇེ་ཉུང་དུ་འགྲོ་བ་དང་བྱིས་པ་འཚར་ལོངས་བྱེད་སའི་ཁོར་ཡུག་སྐྱིད་པོ་ཞིག་བསྐྲུན་ཐུབ།གལ་སྲིད་ཁྱིམ་ཚང་ནང་དུ་འདྲ་མཉམ་མེད་པ་ཡིན་ན་འཆམ་འཐུན་མི་ཡོང་བ་དང་། བཟའ་མི་གང་བོས་སྡུག་བསྔལ་སྣ་ཚོགས་ཤིག་མྱོང་དགོས་སྲིད་པས། ང་ཚོ་རང་ཉིད་ལ་དབང་བའི་ཁྱིམ་ཚང་གི་ཁོར་ཡུག་ཏུ་རང་དབང་དང་འདྲ་མཉམ་ཡོད་པའི་འཚོ་བ་སྐྱིད་པོ་ཞིག་བསྐྲུན་ཏེ་བུ་ཕྲུག་གསོ་སྐྱོང་གི་ལས་དོན་ལ་འབད་པར་རིགས་སོ།།
 
སངས་རྒྱས་ཞེས་པའི་རྒྱ་གར་གྱི་བརྙན་འཕྲིན་ཟློས་གར་དེའི་ནང་དུ་བཅོམ་ལྡན་འདས་ཀྱིས་སློབ་མ་ཙུནྡ་ལ། ཁྱིམ་གྱི་འཚོ་བའི་ནང་དུ་ཟླ་བོ་དང་ཟླ་མོ་གཉིས་འདྲ་མཉམ་ཡོང་བ་གལ་ཆེ། བཟའ་ཟླ་གཉིས་མཐུན་ཞིང་མཛའ་བའི་ངང་འཚོ་བར་རོལ་བ་ཡིན་ན་ཁྱིམ་ཚང་དེར་བདེ་སྐྱིད་ཀྱི་དཔལ་རྒྱས་པ་མ་ཟད། བདེ་སྐྱིད་ཀྱི་དཔལ་དེ་ཡང་གཅིག་ནས་གཅིག་ཏུ་མཆེད་པར་འགྱུར་ཞིང་། མི་རྣམས་དགའ་བདེའི་དཔལ་ལ་རོལ་བར་འགྱུར་རོ་ཞེས་གསུངས་འདུག དེ་ན་ང་ཚོ་བོད་པ་ཚོས་ཁྱིམ་ཚང་ནང་དུ་འདྲ་མཉམ་ཡོང་བ་དང་ཁྱིམ་མི་ཚང་མ་དགའ་བདེའི་དཔལ་ལ་རོལ་ཐུབ་པའི་ཆེད་དུ། ཁྱོ་ཤུག་ཟུང་འབྲེལ་གྱིས་འདྲ་མཉམ་ཡོད་པའི་ཁྱིམ་ཚང་ཞིག་བསྐྲུན་པར་འབད་དགོས། ཁྱོ་ཤུག་འདྲ་མཉམ་གྱི་གནད་དོན་ནི་ཁྱིམ་ཚང་གི་འགྲོ་ལུགས་ཙམ་མ་ཡིན་པར་བུ་རབས་ཚ་རྒྱུད་ཀྱི་མ་འོངས་པའི་མདུན་ལམ་དང་འབྲེལ་བ་དམ་ཟབ་ཡོད། མ་ཟད་ཁ་དོན་ཚིག་ལ་གནས་པའི་གཉེན་སྒྲིག་གི་དམ་བཅའ་ལག་བསྟར་བྱས་པ་ཡིན། ཡང་བརྙན་འཕྲིན་ཟློས་གར་དེའི་ནང་དུ་བཅོན་ལྡན་འདས་ཀྱིས་སློབ་མ་ཙུནྡ་ལ། ཟླ་བོས་བྱ་བ་གང་ཞིག་ཐག་གཅོད་པའི་སྐབས་སུ་ཟླ་མོ་ལ་གྲོས་བྱས་ནས་བྱ་བར་ཞུགས་ན་ལེགས་ཞེས་གསུངས་ཡོད། ཁྱིམ་དོན་ཐག་གཅོད་བྱེད་པའི་སྐབས་སུ་ཁྱོ་ཤུགས་གཉིས་ཀྱིས་ཕན་ཚུན་ལ་གྲོས་བསྡུར་བྱས་ཏེ་བུ་ཕྲུག་གསོ་སྐྱོང་ལ་སོགས་པའི་ལས་དོན་བསྒྲུབ་དགོས་པ་ཡིན། ཁྱོ་ཤུག་བར་དུ་ཁ་བརྡ་དང་གྲོས་བསྡུར་བྱེད་པའི་གོམས་སྲོལ་ཡག་པོ་ཡོད་ན། ཁྱིམ་ཚང་གི་གནད་དོན་ཐག་གཅོད་བྱེད་པ་དང་ཁྱིམ་ཚང་ནང་དུ་བུ་ཕྲུག་གསོ་སྐྱོང་གི་ལམ་སྲོལ་ཡག་པོ་ཞིག་གསར་བསྐྲུན་བྱེད་ཐུབ། གལ་སྲིད་དེ་ལས་ལྡོག་སྟེ་ཁྱོ་ཤུག་འདྲ་མཉམ་མིན་པའི་ལྟ་ཚུལ་ཡོད་པའི་ཁྱིམ་ཚང་གི་རྙོག་དྲ་ལ་འཛད་རྒྱུ་མེད་པ་དང་རྩོད་པ་ལ་རྫོགས་རྒྱུ་མེད། ཁྱོ་ཤུག་གཉིས་ཀྱིས་ནུས་པ་མཉམ་སྤུངས་ཀྱིས་ཁྱིམ་ཚང་ཡར་རྒྱས་ཀྱི་ལས་དོན་ལ་བརྩོན་པ་བྱེད་ཐུབ། དེ་ན་ང་ཚོས་རང་ཁྱིམ་དུ་རང་དབང་དང་འདྲ་མཉམ་ཡོད་པའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས་པར་འདོད་དོ།།
 
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཁོ་ཧྥེ་ཨ་ནན་(Kofi Annan) མཆོག་གིས་ཕོ་མོ་འདྲ་མཉམ་ནི་དམིགས་བྱའི་ལས་དོན་སྒྲུབ་ཐབས་ཙམ་མ་ཡིན་པར། དེ་ནི་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་ལ་འགོག་རྐྱེན་མེད་པར་བཟོ་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན། མ་ཟད་ཕོ་མོ་འདྲ་མཉམ་ནི་འཕེལ་རྒྱས་ཀྱི་བྱ་བ་ཡུན་གནས་དང་གོང་འཕེལ་དུ་འགྲོ་བའི་ལམ་ལུགས་བཟང་བོ་ཞིག་རེད་ཅེས་གསུངས་ཡོད། དེ་ན་ང་ཚོ་བོད་པ་ཚོས་དཔལ་འབྱོར་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ཏེ་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་འདོད་ན། འཕེལ་རྒྱས་ཀྱི་འགོག་རྐྱེན་དུ་གྱུར་བའི་ཁྱིམ་ཚང་ནང་གི་ཕོ་མཆོག་མོ་དམན་གྱི་གོམས་སྲོལ་ངན་པ་དེ་རྩ་མེད་དུ་བཏང་སྟེ། ནུས་པ་མཉམ་སྤུངས་བྱེད་སའི་ལམ་ལུགས་བཟང་བོ་ཞིག་བསྐྲུན་དགོས། ཨ་རོགས་ལ་ལྟ་ས་དང་ཁྱིམ་མཚེས་ལ་ཉན་ས་ཤེས་པའི་དཔེ་བཞིན། སྤྱི་ཚོགས་ཡར་རྒྱས་ཀྱི་ཕྱོགས་སུ་སོང་ཡོད་པ་དང་འགྲོ་བཞིན་པའི་རྒྱལ་ཁབ་ཚོའི་ནང་གི་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་ལ་གཟིགས་ཏེ་ང་ཚོས་ཀྱང་ནུས་ཤུགས་འདོན་དགོས། ཁྱིམ་ཚང་ནང་དུ་ཕོ་མོ་འདྲ་མཉམ་ཡོད་ན་ཁྱིམ་ཚང་གི་དཔལ་འབྱོར་གནས་སྟངས་ཇེ་ལེགས་སུ་འགྲོ་ངེས་པ་དང་། གནའ་དེང་ཟུང་འབྲེལ་གྱི་སློབ་གསོའི་གཤོག་ཟུང་ལྡན་པའི་བུ་ཕྲུག་ཚད་ལྡན་རེ་གསོ་སྐྱོང་བྱེད་པར་ཕན་ཐོགས་ཡོད། མཁས་དབང་བློ་བཟང་བསྟན་འཛིན་ཚང་གིས་ཕོ་མོ་འདྲ་མཉམ་གྱི་གནད་དོན་ནི་མི་རེ་རེས་འགན་ཁུར་སྟངས་ལ་རག་ལས་པ་དང་། འགན་ཁུར་ཅན་མི་ཞིག་ཡིན་ན་འདྲ་མཉམ་གྱི་ཐོབ་ཐང་རྩོད་དགོས་པ་ཞིག་མིན་ཞེས་གསུངས་ཡོད། དེ་ན་ང་ཚོ་བོད་པའི་སྐྱེས་པ་ཚོས་རང་གི་ཆུང་མ་ལ་རང་ལུས་ཀྱི་ཆ་ཤས་བཞིན་གཅེས་སྤྲས་བྱས་ཏེ་ཁོ་མོའི་འཇོན་ནུས་གོང་འཕེལ་དུ་འགྲོ་བར་འགན་ཁུར་དགོས། དེ་བཞིན་དུ་ང་ཚོ་བོད་པའི་སྐྱེས་མ་ཚོས་ཀྱང་རང་ཉིད་ཀྱི་རྣམ་དཔྱོད་དང་འཇོན་ནུས་ལ་མཐོང་ཆུང་དང་དམའ་འབེབ་མི་བྱེད་པར་རང་གི་བུ་ཕྲུག་ལ་ཕོ་མོ་འདྲ་མཉམ་གྱི་སློབ་གསོ་སྤྲོད་དགོས། ཕ་མ་གཉིས་ཀྱིས་བུ་ཕྲུག་དེ་ལྟར་གསོ་སྐྱོང་བྱས་པ་ཡིན་ན། དུས་ཡུན་གང་འཚམ་ནས་བུ་ཕྲུག་གི་ཤ་ཁྲག་རུས་གསེང་དུ་འཐིམའགྲོ་བ་ཡིན་པས། ཕ་མ་ཚོས་ནུས་པ་མཉམ་སྤུངས་བྱེད་སའི་ཁྱིམ་ཚང་གི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཏེ་བུ་ཕྲུག་གསོ་སྐྱོང་གི་ལས་དོན་ལ་བརྩོན་པར་གལ་ཆེའོ།།
 
མདོར་ན་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་གླེང་བ་ནི་རང་དོན་རང་གཅེས་ཀྱི་བྱ་བ་ཞིག་ཡིན་པ་ལས། རང་མི་རིགས་ལ་མཐོང་ཆུང་དང་ཟུར་ཟ་བྱས་པ་མིན། ཁ་ནང་གི་རྨ་ཁ་ནང་ནས་དྲག་དགོས་ཤེས་བཤད་སྲོལ་ཡོད་པ་ལྟར། རང་ཉིད་ཀྱི་སྤྱི་ཚོགས་ནང་འཕྲད་པའི་དཀའ་ལ་རང་ཉིད་ཀྱིས་འགན་ཁུར་ཏེ་སེལ་ཐབས་བྱེད་དགོས། དེ་ལྟར་བྱེད་ཐུབ་པ་ཡིན་ན་མི་གཞན་པས་ཐེ་གཏོགས་བྱེད་མི་དགོས་པ་དང་དེ་ལ་རང་དབང་ཟེར། མི་རེ་ཟུང་གིས་ཐོབ་ཐང་འདྲ་མཉམ་ཡོད་པའི་སྤྱི་ཚོགས་ཤིག་འཇིག་རྟེན་དུ་མེད་ཚུལ་བརྗོད་ནས་ཁ་འགོག་ཐབས་བྱེད་ཀྱི་ཡོད། ཡིན་ནའང་མང་གཙོ་དར་བའི་རྒྱལ་ཁབ་ཚོའི་བུད་མེད་ཀྱི་ཐོབ་ཐང་རྒྱལ་ཁབ་གཞན་ལས་ཡག་པོ་ཡོད། དཔེར་ན་ཕྱི་ལོ་༡༩༧༢ ལོའི་ཟླ་བ་གསུམ་པའི་ཚེས་༢༢ ཉིན་ཨ་རིའི་གྲོས་ཚོགས་གོང་མས་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་ཞེས་པའི་ཁྲིམས་སྒྲིག་ལ་བསྐྱར་བཅོས་གནང་སྟེ་སྐྱེས་པ་དང་སྐྱེས་མ་གཉིས་ཀ་ཁྲིམས་ལུགས་ཐོག་ནས་འདྲ་མཉམ་ཡིན་པ་དང་ཕོ་མོ་གཉིས་ཀྱི་བར་དུ་དབྱེ་འབྱེད་རྩ་བ་ནས་བྱེད་མི་ཆོག་པ་བཟོས་པ་རེད། ཁྲིམས་སྒྲིག་བསྐྱར་བཅོས་དེ་ནི་ཨ་རིའི་རྒྱལ་ཡོངས་བུད་མེད་ལྷན་ཚོགས་གཙོས་པའི་བུད་མེད་རིང་ལུགས་པ་ཚོས་འཐབ་རྩོད་གྱི་གྲུབ་འབྲས་ཤིག་རེད། ལྷོ་ཨ་ཧྥུ་རི་ཀའི་མི་རིགས་ནག་པོའི་ཐོབ་ཐང་འཐབ་རྩོད་པ་ནལ་སན་མན་ཊེ་ལ་མཆོག་གིས་(Nelson Mandela) བུད་མེད་རྣམས་བཙན་གནོན་ལས་བཅིང་གྲོལ་གཏོང་མ་ཐུབ་བར་དུ་རང་དབང་ཞེས་པ་ལེགས་འགྲུབ་ཡོང་ཐུབ་པ་ཞིག་མ་ཡིན་ཞེས་གསུངས་པ་ལྟར། ང་ཚོ་བོད་པ་ཚོས་ཁྱིམ་ཚང་ནང་དུ་ཁྱོ་ཤུགས་གཉིས་ཀྱི་ཁྱིམ་དོན་མཉམ་སྒྲུབ་བྱེད་སའི་འདྲ་མཉམ་གྱི་ཁོར་ཡུག་ཅིག་བསྐྲུན་ཏེ་གཅིག་གིས་གཅིག་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་ཏེ་ཁྱིམ་ཚང་གི་ལས་དོན་སྟེང་དུ་སྔར་ལས་ལྷག་པའི་འབད་བརྩོན་བྱེད་པར་རིགས་སོ།།

Topic: ཁྱིམ་ཚང་ནང་འདྲ་མཉམ་ཡོད་ན་བྱིས་པ་སྐྱོང་སླ།

No comments found.

New comment