གཉེན་སྒྲིག་དང་ཁྱིམ་ཚང་སྐྱོང་ཐབས་སྐོར་ཀྱི་བསམ་ཚུལ།


གཉེན་སྒྲིག་དང་ཁྱིམ་ཚང་སྐྱོང་ཐབས་སྐོར་ཀྱི་བསམ་ཚུལ།

སྔོན་ཆད་ཤར་ནུབ་གྱི་སྤྱི་ཚོགས་གང་ཡིན་ཡང་མི་བུ་སྒེར་གྱི་རང་དབང་དང་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བའི་གཉེན་སྒྲིག་བྱེད་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་རེད། དེར་བརྟེན་ཕྱི་ལོ་༡༩༤༨ ལོའི་ཟླ་བ་༡༢ པའི་ཚེས ༡༠ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་དོན་ཚན་དྲུག་པའི་ནང་དུ།ལོ་ཚོད་རན་པའི་སྐྱེས་ཕོ་མོ་སུ་ཞིག་ཡིན་ཡང་ལུས་ཀྱི་པགས་མདོག་དཀར་ནག་དང་རྒྱལ་ཁུངས་གང་ནས་ཡིན་པ།ཆོས་ལུགས་ལ་དད་པ་ཡོད་མེད་ཀྱི་ཚད་བཀག་སོགས་གང་ཡང་མེད་པར་གཉེན་སྒྲིག་བྱེད་པ་དང་ཁྱིམ་ཚང་འཛིན་པ། ཡང་ན་གཉེན་འཐོར་བྱེད་པའི་ཐོབ་ཐང་སོགས་འདྲ་མཉམ་དུ་ཡོད་ཅེས་བཀོད་ཡོད་པ་རེད། ལུགས་སྲོལ་འདི་འདྲ་ཞིག་བཟོ་དགོས་པ་དང་ཡོངས་ཁྱབ་ཀྱི་ཐོག་ནས་གསལ་བསྒྲགས་གནང་དགོས་དོན་ནི།སྔོན་ཆད་འཛམ་གླིང་ཤར་ནུབ་ཀྱི་སྤྱི་ཚོགས་མང་པོའི་གཉེན་སྒྲིག་བྱེད་སྟངས་ཀྱི་སྲོལ་རྒྱུན་ཁྲོད་དུ་འདྲ་མཉམ་མིན་ཞིང་མི་སྒེར་གྱི་འདེམས་ཀའི་ཁེ་དབང་ལ་བརྩི་མེད་རྡོག་རོལ་བཏང་སྟེ།མི་མང་པོ་སྡུག་བསྔལ་ལ་སྦྱོར་གྱི་ཡོད་པའི་རྒྱུ་མཚན་གྱིས་ཡིན།  འདིའི་སྙིང་དོན་གཙོ་བོ་གཉེན་སྒྲིག་ནི་རང་འཐད་རང་མོས་ཡིན་པ་དང་།མི་སུ་ཞིག་ལའང་བཙན་དབང་གཏོང་བའི་ཐོབ་ཐང་མེད་པ་དེ་རེད། དེ་ནས་དུས་རབས་ཀྱི་འགྱུར་བ་དང་བསྟུན་ཏེ་རྒྱལ་ཁབ་མང་པོས་གཉེན་སྒྲིག་གི་གནད་དོན་ཁྲིམས་ལུགས་སྟེང་ནས་གཏན་འབེབས་གནང་སྟེ་མི་སྒེར་གྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་དང་བྱེད་བཞིན་ཡོད་དོ། 

ནུབ་གླིང་བ་ཚོར་གཉེན་སྒྲིག་བྱེད་སའི་མི་བཟང་པོ་ཞིག་བཙལ་མཚམས་བཞག་སྟེ། དང་པོ་རང་ཉིད་མི་བཟང་བོ་ཞིག་ཏུ་འགྱུར་ཐབས་ལ་བརྩོན་དགོས་ཞེས་པའི་གཏམ་དཔེ་ཞིག་ཡོད་ལ།གཉེན་སྒྲིག་གི་ཐག་གཅོད་ནི་མི་ཞིག་གི་འཇིག་རྟེན་མཐུན་འཇུག་གི་བྱ་བའི་ཁྲོད་དུ་ཐག་གཅོད་གལ་ཆེན་ཞིག་ཡིན། མ་འོངས་པའི་བུ་རབས་ཚ་རྒྱུད་ཀྱི་མི་ཚེའི་མདུན་ལམ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཐག་གཅོད་ཅིག་ཡིན་པ་རེད། དེས་ན་བོད་པའི་གཞོན་སྐྱེས་ཚོས་ཐོག་མར་རང་གི་གཤིས་རྒྱུད་ལ་ལེགས་བཅོས་ཡག་པོ་ཞིག་བྱས་ཏེ། ཐོག་དང་པོར་རང་ཉིད་མི་ཡག་པོ་ཞིག་ཏུ་བསྒྱུར་དགོས་པ་ཡིན། གཙོ་ཆེ་ཤོས་ང་དང་ངའི་ཞེས་པའི་འདུ་ཤེས་དེར་བཅོས་བསྒྱུར་བཏང་སྟེ་ང་ཚོ་དང་ང་ཚོའི་ཞེས་པའི་བསམ་བློ་གོང་འཕེལ་དུ་གཏོང་དགོས།གཉེན་སྒྲིག་དང་འབྲེལ་བའི་བདེ་སྡུག་ནི་རང་དང་རང་གི་བཟའ་ཟླ། བུ་ཕྲུག་ལ་སོགས་པའི་ཁྱིམ་མི་ཡོངས་ཀྱིས་ཉམས་སུ་མྱོང་དགོས་པ་ཞིག་ཡིན། དེས་ན་རང་དང་གཞན་གཉིས་ཀྱི་གཉེན་སྒྲིག་བྱེད་འདོད་ཀྱི་ཀུན་སློང་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་རྒྱུ་གལ་ཆེ་ཞིང་།  གཉེན་སྒྲིག་བྱེད་སའི་མི་དེའི་སྐོར་ལ་རྒྱུས་ལོན་ཡག་པོ་ཞིག་བྱེད་དགོས།མགོ་བཀྲ་ཤིས་ན་མཇུག་དོན་འགྲུབ་ཟེར་བ་ལྟར། གཉེན་སྒྲིག་བྱེད་ས་དེ་མ་ནོར་བ་ཡིན་ན། ཁྱིམ་གཅིག་ཏུ་འཛོམས་ཏེ་ཁྱིམ་དོན་སྒྲུབ་པའི་སྐབས་སུ་དཀའ་ངལ་ལ་མི་འཕྲད་པ་དང་། ཁྱིམ་ཚང་གི་འཚོ་བའི་ཁྲོད་དུ་བདེ་སྐྱིད་ལོངས་སུ་སྤྱོད་ཐུབ་པ་ཡིན། ནད་ལ་ཆ་རྒྱུས་མེད་ན་བཅོས་དཀའ། བྱིས་པར་ཆ་རྒྱུས་མེད་ན་སྐྱོང་དཀའ་ཟེར་བ་ལྟར། ཆ་རྒྱུས་ཡག་པོ་མེད་པའི་མི་ལ་གཉེན་སྒྲིག་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་ལ་རེ་བ་ནི། ཕལ་ཆེར་མུན་ནག་ཁྲོད་དུ་ཁབ་ཅིག་འཚོལ་བ་དང་མཚུངས་ཤིང་། བདེ་སྐྱིད་ཐོབ་པའི་ཚབ་ཏུ་སྡུག་བསྔལ་མྱོང་དགོས་པར་འགྱུར། དེར་བརྟེན་རང་གིས་གཉེན་སྒྲིག་བྱེད་སའི་མི་དེ་ནི་རང་དང་སྐྱིད་སྡུག་མཉམ་མྱོང་བྱེད་སའི་བཟའ་ཟླ་དང་ཚེ་རོགས་ཡིན་པ་དང་། རང་གི་མ་འོངས་པའི་བུ་ཕྲུག་གི་ཕ་མ་ཡིན་པ་ངོས་ཟིན་གསལ་པོ་ཡོད་པའི་ཐོག་ནས་གཉེན་སྒྲིག་བྱེད་འདོད་སའི་མི་དེའི་མི་གཤིས་ཀྱི་ཡོན་ཏན་ལ་བརྟག་དགོས་པ་གལ་ཆེའོ།།

མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག། མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།། གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུག། ཅེས་གསུང་བ་ལྟར། སྐྱེས་ཕོ་མོ་སུ་ཞིག་ཡིན་ཡང་གཉེན་སྒྲིག་གི་ལས་ལ་འཇུག་པ་ནི་བདེ་སྐྱིད་ཐོབ་པའི་ཆེད་དུ་ཡིན་པ་ལས་སྡུག་བསྔལ་མྱོང་བའི་ཆེད་དུ་ཡེ་ནས་མིན། གཉེན་བསྒྲིགས་ཏེ་ཁྱིམ་ཚང་གཅིག་གི་ཁྱིམ་མིར་གྱུར་བའི་སྐབས་སུ། ཐོབ་ན་འདོད་པའི་བདེ་སྐྱིད་དེ་ཡང་ལྟོས་བཅས་ཀྱི་བདེ་སྐྱིད་ཅིག་དང་།གཅིག་ལ་བརྟེན་གྱི་བདེ་སྐྱིད་ཅིག་ལས་མེད། དེས་ན་བཟའ་ཚང་སུ་ཡིན་ཡང་རང་གི་ལུས་ངག་ཡིད་གསུམ་དང་འབྲེལ་བའི་ཀུན་སྤྱོད་ལ་བདག་གཅེས་བྱེད་རྒྱུ་གལ་ཆེན་པོ་ཡིན། གལ་སྲིད་རང་གི་ཀུན་སྤྱོད་ལ་བདག་གཅེས་ཡག་པོ་བྱེད་མ་ཐུབ་པ་ཡིན་ན་རང་ཉིད་ཚུད་པའི་ཁྱིམ་མི་ཡོངས་རྫོགས་སྡུག་བསྔལ་གྱི་ཀློང་དུ་འཕེན་སྲིད་པ་ཡིན་པས་གཟབ་དགོས། གཉེན་བསྒྲིགས་རྗེས་ཀྱི་འཚོ་བ་ནི་གཅིག་ལ་གཅིག་བརྟེན་ཞིག་ཡིན་ཞིང་སྐྱིད་ན་སྐྱིད་གཅིག་དང་སྡུག་ན་སྡུག་གཅིག་གི་འཚོ་བ་ཉམས་སུ་མྱོང་དགོས་པ་ཡིན། བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་འདོད་ཡོད་མཁན་གྱི་མི་ཞིག་ལ་མཚོན་ན་ཕན་ཚུན་ལ་གུས་བརྩི་དང་དགའ་ཞེན་བྱས་ཏེ་འདྲ་མཉམ་གྱི་འཚོ་བ་སྐྱེལ་དགོས།དེ་ལྟར་བྱས་ན་ཁྱིམ་ཚང་ནང་དུ་འཆམ་མཐུན་དང་བདེ་སྐྱིད་འབྱུང་བ་ཡིན། དེ་འདྲའི་གནས་སྟངས་འོག་ཏུ་ཁྱོ་ཤུག་གཉིས་ཀྱིས་ཕན་ཚུན་གྱི་བདེ་དོན་ལ་འགན་ལེན་ཐུབ་པ་དང་རང་དང་བཟའ་ཟླའི་ལུས་སེམས་ལ་སྡུག་བསྔལ་བསྐྲུན་པའི་རྒྱུ་ནམ་ཡང་མི་བསྒྲུབ་པ་ཡིན། བཟའ་ཚང་གི་འབྲེལ་ལམ་དེ་འདྲའི་གནས་ཚད་ལ་སླེབས་དུས་ཁྱོ་ཤུག་ཐུན་མོང་གིས་འཇོན་ནུས་མཉམ་འདོན་གྱི་ལམ་ནས་ཁྱིམ་དོན་ལ་འབད་པ་བྱེད་ཐུབ་པ་དང་མི་ཚེ་གང་བོར་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ།དེ་བཞིན་དུ་ཁྱོ་ཤུག་བར་གྱི་བརྩེ་དུང་ཉིན་རེ་བཞིན་དབྱར་མཚོ་ལྟར་རྒྱས་ཤིང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕན་ཚུན་གྱི་བདེ་དོན་དུ་ཅི་ཡང་བློས་གཏོང་བྱེད་ཐུབ་པ་དང་རྒན་བཀུར་གཞོན་བྱམས་ལ་སོགས་པའི་ཁྱིམ་དོན་ཚང་མ་ཕྱི་གསལ་ནང་གསལ་གྱིས་མཉས་སྒྲུབ་བྱེད་ཐུབ་པ་ཡིན།

གཉེན་སྒྲིག་ནི་མི་གཉིས་ཀྱི་སེམས་དང་བསམ་པ་གཅིག་ཏུ་སྤྲེལ་ཏེ་གཉིས་མོས་ཀྱི་ལམ་ནས་སྐྱིད་སྡུག་མཉམ་མྱོང་གི་མི་ཚེ་མཉམ་དུ་སྐྱེལ་རྒྱུ་གཏན་འཁེལ་བྱས་ཏེ་ཁྱིམ་གཞི་གཅིག་ཏུ་འཛོམས་པ་ལ་ཟེར། སྐྱེས་ཕོ་མོ་སུ་ཞིག་ཡིན་ཡང་གཉེན་སྒྲིག་བྱེད་དང་མི་བྱེད། སུ་ཞིག་ལ་གཉེན་སྒྲིག་བྱེད་མིན་དེ་མི་སྒེར་གྱི་ཐོབ་ཐང་ཡིན་པ་ལས་མི་གཞན་ལ་ཐེ་ཇུས་དང་བཙན་དབང་གཏོང་བའི་ཐབ་ཐང་མེད། གཉེན་བསྒྲིགས་རྗེས་མི་རྐྱང་ཡིན་པའི་སྐབས་ལྟར་རང་གི་གང་འདོད་འདོད་བྱེད་མི་ཆོག་པར།  ཁྱིམ་ཚང་གི་བདེ་དོན་དང་འབྲེལ་བའི་བྱ་བཞག་ཡོད་ཚད་གྲོས་བསྡུར་གྱི་ལམ་ནས་ཁྱོ་ཤུག་ཐུན་མོང་གིས་ཐག་གཅོད་བྱེད་དགོས།  གཉེན་བསྒྲིགས་རྗེས་མི་རྐྱང་གི་འཚོ་བ་མཇུག་རྫོགས་པར་ངོས་འཛིན་དགོས་ཤིང་མི་རྐྱང་ཡིན་པའི་སྐབས་ཀྱི་གཤིས་རྒྱུད་ལ་བསྒྱུར་བཅོས་གཏོང་དགོས། མི་རྐྱང་ཡིན་པའི་སྐབས་སུ་རང་ཉིད་གཅིག་པུའི་ལུས་སེམས་ཀྱི་བདེ་ཐང་ལ་འགན་ཁུར་ཐུབ་ན་ཆོག་མོད། གཉེན་བསྒྲིགས་རྗེས་རང་དང་བཟའ་ཟླ། བུ་ཕྲུག་དང་བཅས་པའི་ལུས་ཀྱི་བདེ་ཐང་དང་སེམས་ཀྱི་བདེ་སྐྱིད་ལ་འགན་ཁུར་དགོས་པ་ཡིན། ལྷག་པར་དུ་ཕ་མ་རུ་གྱུར་བའི་སྐབས་སུ་འགན་འཁྲི་ལྡབ་འགྱུར་གྱིས་ཆེ་རུ་གྱུར་བ་ཤེས་དགོས། གཉེན་བསྒྲིགས་རྗེས་ཁྱོ་ཤུག་ཐུན་མོང་གི་འཚོ་བ་དང་ལྟོས་གྲུབ་ཀྱི་བདེ་སྐྱིད་ཅིག་ལས་རང་ཉིད་ཁོ་ན་ལ་དབང་བའི་བདེ་སྐྱིད་བཙན་པོ་བ་ཞིག་མེད། དེར་བརྟེན་རང་ཉིད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་རང་གི་བཟའ་ཟླ་ལ་བསམ་ཤེས་དང་གུས་བརྩི་བྱེད་དགོས་པ་ནི་ཧ་ཅང་གལ་ཆེ། ཡིན་ནའང་། བོད་པ་མང་པོས་དུས་རབས་ཉེར་གཅིག་པའི་ནང་དུའང་རང་གི་བཟའ་ཟླ་ལ་གུས་ཞབས་འདྲ་མཉམ་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཧ་ཅང་མང་། ལོ་སྔོན་མར་བྱིས་སྒྲིང་གླིང་དུ་ཟི་ལིང་གྲོང་ཁྱེར་དུ་གནས་སྡོད་བྱེད་བཞིན་པའི་བོད་མོ་ལས་བྱེད་པ་ཞིག་གིས་ཁོ་མོས་བུ་ཕྲུག་གསོ་སྐྱོང་བྱེད་ཞོར་དུ་ནང་ལས་ཆ་ཚང་བྱེད་དགོས་པ་དང། ལས་ཚོགས་གྲོལ་རྗེས་ཁོ་མོའི་ཁྱོ་ཀས་ལས་གྲོགས་ཚོ་དང་མཉམ་དུ་མ་ཅང་བརྩེས་ཏེ་དགོང་མོར་འཕྱི་བོ་མ་གཏོགས་ནང་ལ་མི་ཡོང་བ་དང་། ནང་དུ་ཐོན་དུས་ཁྱེད་ཀྱིས་ཁོ་ལ་ཁ་པར་བརྒྱབ་སྟེ་ལས་གྲོགས་ཚོའི་མདུན་དུ་ངོ་ཚ་བོ་བཟོས་སོང་ཞེས་སྡུག་དམོན་དང་མནར་གཅོད་གཏོང་གི་ཡོད་པའི་གནས་ཚུལ་ཞིག་བཤད་པ་རེད། མོའི་སྐད་ཆ་ལ་གོ་བ་ཅུང་ཟད་བླངས་པ་ཡིན་ན། འདི་ལྟར་མི་དེ་ནི་རང་དང་ཁྱིམ་ཚང་གི་བདེ་དོན་ལ་འགན་ཁུར་བའི་བློ་སྟོབས་མེད་པ་ཞིག་དང་། གཞན་གྱི་མི་ཁ་རུ་རླུང་ནང་གི་དར་ལྕོག་ལྟར་འཚོ་གནས་བྱས་ཡོད་པ་བསྟན། དེ་འདྲའི་མི་རང་ཚུགས་མེད་པ་ཞིག་དང་མཉམ་དུ་ཁྱིམ་ཚང་སྐྱོང་དགོས་ན་ཧ་ཅང་དཀའ་ངལ་ཡོད།  གཉེན་སྒྲིག་ལམ་དུ་འགྲོ་མིན་དང་། ཁྱིམ་ཚང་ནང་དུ་བདེ་སྐྱིད་འབྱུང་མིན་ནི་ཁྱོ་ཤུག་གཉིས་ཀྱི་ཀུན་སྤྱོད་བཟང་ངན་ལ་ཐད་ཀར་འབྲེལ་ཡོད་ཅིང་། བཟའ་ཟླ་ལ་ག་ཚོད་བསྟུན་ཤེས་བྱེད་ཐུབ་པ་ཡིན་ན་རང་སེམས་ལ་དེ་ལྟར་དུ་བདེ་སྐྱིད་དང་ཞི་བདེ་ཡོད་པ་ཡིན། གཉེན་བསྒྲིགས་རྗེས་ཁྱོ་ཤུག་སུ་ཡིན་ནའང་རང་གིས་བཟའ་ཟླ་ཨང་དང་པོར་འཇོག་དགོས་པ་ལས་གྲོགས་པོ་དང་གྲོགས་མོ་རྣམས་ཨང་དང་པོ་རུ་འཇོག་མི་ཉན། ཚན་རིག་པ་གྲགས་ཆེན་ཨ་ཡན་སུ་ཐན(Albert Einstein )ནས་བཙན་དབང་ལ་བརྟེན་ནས་ཞི་བདེ་བསྐྲུན་མི་ཐུབ་ལ། ཞི་བདེ་ནི་བསམ་ཤེས་ཁོ་ན་ལ་བརྟེན་ནས་ལེགས་འགྲུབ་ཡོང་བ་ཞིག་རེད་ཅེས་གསུངས་པ་ལྟར། བདེ་སྐྱིད་དང་ཞི་བདེ་ལ་རེ་བའི་མི་ཞིག་ཡིན་ན་རང་གི་བཟའ་ཟླ་ལ་བསམ་ཤེས་དང་བསྟུན་ཤེས་བྱས་ཏེ་ཁྱིམ་མི་བུ་ཕྲུག་དང་བཅས་པ་ལ་ཞི་འཇམ་བག་ཡོད་ཀྱི་འཚོ་བ་སྐྱེལ་དུ་འཇུག་དགོས།


སྐྱིད་སྡུག་མཉམ་གནས་ཀྱི་བཟའ་ཚང་བར་དུ་རྙོག་དྲ་ཆུང་ཆུང་རེ་འབྱུང་བ་ནི་ཆོས་ཉིད་ཡིན་པ་ལས་ཡ་མཚན་དགོས་པའི་གནད་དོན་ཞིག་མིན། དེ་ནི་སྐྱིད་སྡུག་དང་ལས་དབང་གཅིག་ཡིན་པའི་རྟགས་མཚན་ཡིན། ཡིན་ནའང་། ཁྱིམ་ཚང་གི་རྙོག་དྲ་མང་ཤོས་བཟའ་ཚང་བར་དུ་གོ་བརྡ་གསལ་བོ་མ་འཕྲོད་པས་ཡོང་གི་ཡོད་པར་བཤད། དེ་ནས་ཁྱོ་ཤུག་སུ་ཡིན་ཡང་ཕན་ཚུན་ལ་གུས་བརྩི་ཡོད་པའི་སྟེང་ནས་ཕྱི་གསལ་ནང་གསལ་བྱས་ཏེ་གོ་བརྡ་སྤྲོད་པའི་སྐབས་སུ་སེམས་ལྷོད་ལ་བབས་ཏེ་འགྲེལ་བཤད་གསལ་བོ་བྱེད་དགོས།  གཉེན་བསྒྲིགས་ནས་ཁྱིམ་གཅིག་ཏུ་འཛོམས་ཏེ་ཁྱིམ་དོན་མང་པོ་མཉམ་སྒྲུབ་བྱེད་དགོས་པའི་སྐབས་སུ་རྙོག་དྲ་ཡོང་གི་ཡོད་པ་རྒྱུན་ལྡན་རེད། དཔེར་ན་ཁྱིམ་དོན་སྒྲུབ་ཚུལ་གྱི་ཐད་ནས་བསམ་ཚུལ་མི་མཐུན་པ་དང་ཁྱིམ་དོན་སྒྲུབ་པའི་སྐབས་སུ་འགོག་རྐྱེན་ལ་འཕྲད་པ་སོགས་ཡིན། ཁྱིམ་དོན་ལམ་དུ་མ་སོང་བའི་སྐབས་སུ་ཁོང་ཁྲོ་ལངས་པ་དང་ཁ་རྩོད་ཤོར་བ་ནི་ཆོས་ཉིད་རེད། ཡིན་ནའང་རྩོད་པའི་སྐབས་སུ་བརྩད་ཀྱང་ཕན་ཚུན་བར་བཟོད་སྒོམ་ཀྱིས་རྩོད་པ་འཇགས་ཐབས་བྱེད་དགོས།བཟའ་འཁོན་ཁྲོད་དུ་རྒྱལ་མཁན་ཞིག་དང་ཕམ་མཁན་ཞིག་མེད་པར། ཕམ་ན་མཉམ་ཕམ་ཡིན་པའི་གནས་ལུགས་རྟོགས་དགོས། དེར་བརྟེན་བཟའ་ཚང་བར་དུ་བཟོད་གསོལ་དང་གུ་ཡངས་བྱེད་པའི་བློ་སྤོབས་ཡོད་དགོས།ཁྱོ་ཤུག་གཉིས་ཀྱིས་ཁྱིམ་དོན་སྒྲུབ་པའི་སྐབས་སུ་བསམ་འདུན་ངེས་པར་དུ་གཅིག་ཡིན་མི་དགོས་ཤིང་། བསམ་འདུན་མི་གཅིག་པ་ལ་གུས་ཞབས་བྱས་ཏེ་རྒྱབ་སྐྱོར་བྱེད་དགོས་པ་དང་བསམ་འདུན་གཅིག་པ་རྣམས་མཉམ་སྒྲུབ་བྱེད་དགོས་པ་ཡིན། ཁྱིམ་དོན་དང་འབྲེལ་བའི་གནད་དོན་ཙག་ཙིག་ལ་འཕྲད་དེ་ཁོང་ཁྲོ་ལངས་ནས་བཟའ་ཟླའི་མི་གཞི་ལ་དམའ་འབེབ་མི་བྱེད་པ་དང་བཟའ་ཟླའི་ཁྱིམ་རྒྱུད་ལ་མཚང་འབྲུ་བྱེད་མི་ཉན། རྒྱ་གར་གྱི་བདག་ཉིད་ཆེན་པོ་གྷན་རྡི་མཆོག་གིས་མི་ལ་ནོར་འཁྲུལ་བཟོ་བའི་རང་དབང་མེད་ན། རང་དབང་ལ་རིན་ཐང་མི་འདུག་ཅེས་གསུངས་པ་ལྟར། ཁྱོ་ཤུག་གཉིས་ཀ་འཚོ་བའི་གནས་བབ་འདྲ་མིན་དང་འབྲེལ་བའི་ཁྱིམ་དོན་ལ་ཞུགས་པའི་སྐབས་སུ་ནོར་འཁྲུལ་ཤོར་བ་ནི་རང་བཞིན་ཡིན། དེས་ན་ནོར་འཁྲུལ་ཤོར་ཏེ་སེམས་མི་སྐྱིད་པའི་སྐབས་སུ་ཕན་ཚུན་ལ་སེམས་གསོ་བྱས་ནས་རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེན་པོ་ཡིན། གཉེན་བསྒྲིགས་རྗེས་ལས་དོན་ཆེ་ཕྲ་ཆུང་གསུམ་ཚང་མ་ལ་ཁྱོ་ཤུག་གཉིས་ཀྱིས་གོ་བསྡུར་བྱས་ཏེ་མཉམ་སྒྲུབ་བྱས་པ་ཡིན་ན་ཁྱོ་ཤུག་ཐུན་མོང་གི་འཇོན་ནུས་གཅིག་སྒྲིལ་བྱེད་ཐུབ། སྐབས་དེར་ཕ་མ་ལ་ཞབས་འདེགས་དང་བུ་ཕྲུག་ལ་གཅེས་སྐྱོང་བྱེད་པ་ལ་སོགས་པའི་ཁྱིམ་དོན་བསྒྲུབ་པར་དཀའ་ཁག་གང་ཡང་མེད་དོ།། 

མཐའ་དོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དང་ལྷན་དུ། སྤྱི་ཚོགས་དེང་རབས་ཅན་དང་མི་མང་ཤེས་ཡོན་ཅན་ཅན་གྱི་ལམ་དུ་བསྐྱོད་ཏེ་སྔོན་ཆད་མེད་པའི་འཕྲུལ་རིག་དང་བརྡ་འཕྲིན་མང་པོ་གསར་བཏོད་ཀྱི་ལམ་ནས་འཛམ་གླིང་ཤར་ནུབ་ཀྱི་སྤྱི་ཚོགས་ཐམས་ཅད་གཅིག་ལ་གཅིག་བརྟེན་དགོས་པའི་གནས་སྟངས་དུ་བསྒྱུར། དེ་དང་ལྷན་དུ་རྒྱལ་ཁབ་མང་པོས་ལེགས་ཆ་ལེན་རེས་ཀྱི་ལམ་ནས་གཉེན་སྒྲིག་གི་ཁྲིམས་ལུགས་གཏན་འབེབ་བྱས་ཏེ་མི་སྒེར་གྱི་ཐོབ་ཐང་བཅའ་ཁྲིམས་ཀྱི་ལམ་ནས་སྲུང་སྐྱོབ་བྱེད་པའི་ལམ་ལུགས་བཟོས་དང་བཟོ་བཞིན་ཡོད། རྒྱ་གར་གྱི་བདག་ཉིད་ཆེན་པོ་གྷན་རྡི་མཆོག་གིས་བུད་མེད་ནི་སྐྱེས་པའི་བཟའ་ཟླ་རེད། ཁོང་ཚོར་སེམས་ཀྱི་ནུས་སྟོབས་སྐྱེས་པ་དང་གཅིག་མཚུངས་སུ་ཡོད་ཅེས་གསུངས་ཡོད་པ་ལྟར། ང་ཚོ་བོད་པ་ཚོས་ཀྱང་གཉེན་སྒྲིག་གི་དོན་ཆེན་ལ་ལམ་སློང་ཡོང་བ་དང་ཁྱིམ་ཚང་ནང་དུ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་འབྱུང་བའི་ཆེད་དུ། མངོན་ལྐོག་རྒྱབ་མདུན་མེད་པར་དུས་རྟག་ཏུ་གཉེན་སྒྲིག་གི་དམ་བཅའ་བརྩི་སྲུང་བྱེད་དགོས་པ་ཡིན།  ཡང་ཨ་བྷིར་ཊི་ཨ་ཡན་སུ་ཊིན་(Albert Einstein)ནས་གལ་སྲིད་རང་ཉིད་ལ་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་སྐྱེལ་འདོད་ཡོད་ན་མི་ཚེའི་ནང་དུ་བསྒྲུབ་བྱའི་དམིགས་ཡུལ་ཞིག་ཡོད་དགོས་ཞེས་གསུངས་ཡོད། དེས་ན་ང་ཚོས་རང་དཔེ་གཞན་སྟོན་གྱི་ལམ་ནས་ཡུལ་མི་ཁྱིམ་མཚེས་ཀུན་གྱིས་ཡིད་སྨོན་དང་མིག་ལྟོས་བྱེད་སའི་དྲོད་སྐྱིད་ལྡན་པ་དང་དགོད་སྒྲའི་ཁེངས་པའི་ཁྱིམ་ཚང་ཞིག་སྐྱོང་ཐབས་ལ་བརྩོན་པ་ཡིན་ན་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པར་སེམས་སོ།

Topic: གཉེན་སྒྲིག་དང་ཁྱིམ་ཚང་སྐྱོང་ཐབས་སྐོར་ཀྱི་བསམ་ཚུལ།

No comments found.

New comment

Contact

Administrator 416-453-9887 admin@wildyaks.com