གཉེན་སྒྲིག་ལ་བྲེལ་བ་མི་བྱེད་པར་རང་ཉིད་འཇོན་ནུས་ལྡན་པ་ཞིག་བྱེད་དགོས།

གཉེན་སྒྲིག་ལ་བྲེལ་བ་མི་བྱེད་པར་རང་ཉིད་འཇོན་ནུས་ལྡན་པ་ཞིག་བྱེད་དགོས།

 

སྔོན་ཆད་རྒྱ་གར་དུ་ཡོད་པའི་སྐབས་སུ་རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་ཕྱི་རྒྱལ་ཡུལ་སྐོར་བ་མང་པོར་ཁ་བརྡ་བྱེད་མྱོང་། ཁོ་ཚོའི་གྲས་ཀྱི་མང་པོ་ཞིག་སློབ་གྲྭ་ཆེན་མོའི་སློབ་མ་ཡིན་པ་དང་། མང་པོ་ཞིག་སློབ་མཐར་ཕྱིན་རྗེས་ཆེད་ལས་འགོ་འཛུགས་མ་བྱས་སྔོན་དུ་གུང་གསེང་ལ་ཡོང་བ་རེད། ཁོ་ཚོའི་ཁྲོད་དུ་དགའ་རོགས་མེད་པའི་མི་རྐྱང་དང་དགའ་རོགས་ཡོད་མཁན། གཉེན་སྒྲིག་བྱས་ཟིན་པ་རེ་ཟུང་བཅས་ཡོད། ཁོ་ཚོ་དང་ལྷན་དུ་གཉེན་སྒྲིག་གི་སྐོར་ནས་ཁ་བརྡ་བྱེད་དུས་མང་ཆེ་ཤོས་ཀྱིས་དེའི་སྐོར་ལ་བསམ་བློ་གཏོང་ཁོམ་མ་བྱུང་ཟེར་བ་དང་། སློབ་མཐར་ཕྱིན་རྗེས་དེའི་སྐོར་ལ་བསམ་བློ་གཏོང་གི་ཡིན་ཟེར་བ། ཡང་ན་ཆེད་ལས་བརྟན་པོ་བྱས་རྗེས་གཉེན་སྒྲིག་བྱེད་ཀྱི་ཡིན་ཟེར་མཁན་སོགས་ཡོད།རྗེས་སུ་ཕྱི་རྒྱལ་ལ་སླེབས་དུས་སྐྱེས་ཕོ་མོ་པསུ་ཡིན་ལ་མ་ལྟོས་པར་ནུབ་ཕྱོགས་ཀྱི་ན་གཞོན་ཚོར་གཉེན་སྒྲིག་མ་བྱས་སྔོན་དུ་རང་ཉིད་མི་འཇོན་ནུས་ཅན་ཞིག་ཏུ་བསྒྱུར་སྲོལ་ཡོད་པ་ཤེས་བྱུང་། ཁོ་ཚོས་གཉེན་སྒྲིག་གི་ལས་དོན་ལ་བྲེལ་འཚུབ་མི་བྱེད་པར་དུས་ཡུན་རིང་བོར་དགའ་རོགས་བསྒྲིགས་ཏེ་མི་ལ་རྒྱུས་ལོན་བྱེད་པའི་ལུགས་སྲོལ་ཞིག་འདུག  ལམ་སྲོལ་དེ་དུས་རབས་ཀྱི་འགྱུར་བ་དང་སྤྱི་ཚོགས་ཀྱི་འགྱུར་བ། འཚོ་བའི་དགོས་མཁོ་སོགས་ལ་བརྟེན་ཏེ་རིམ་འགྱུར་བྱས་པ་ཞིག་ཡིན་པར་གྲགས། དེ་ལྟར་ན་ང་ཚོ་བོད་པའི་གཞོན་སྐྱེས་ཚོས་ཀྱང་ཐོག་མར་རང་ཉིད་རྣམ་དཔྱོད་ཡོད་པ་དང་འཇོན་ནུས་ལྡན་པ།འཚོ་རྟེན་དང་འབྲེལ་བའི་དཔལ་འབྱོར་གྱི་ཐོན་ཁུངས་སྲ་བརྟན་བཟོས་པ་ཡིན་ན་དགེ་མཚན་ཆེ་བར་སེམས་སོ།།

 

མ་འོངས་པའི་འཚོ་བའི་ཁྲོད་དུ་རང་དབང་དང་འདྲ་མཉམ་ལ་རེ་བའི་གཞོན་སྐྱེས་ཤིག་ཡིན་ན། དང་པོ་ཤེས་ཡོན་ལ་མཐར་ཕྱིན་པ་ཞིག་སྦྱངས་ཏེ་རང་ཉིད་འཇོན་ནུས་ལྡན་པའི་མི་ཞིག་ཏུ་འགྱུར་ཐུབ་པ་བྱེད་དགོས། ལྷོ་ཨ་ཧྥུ་རི་ཁའི་མི་རིགས་ནག་པོའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་དང་ནོ་བྷེ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ནལ་སན་མན་ཌེ་ལ་(Nelson Mandela) མཆོག་གིས་ཤེས་ཡོན་ནི་ཆེས་སྟོབས་ཤུགས་ཆེ་བའི་མཚོན་ཆ་དེ་ཡིན་ཞིང་། ཤེས་ཡོན་གྱི་སྟོབས་ཤུགས་ལ་བརྟེན་ཏེ་ང་ཚོས་འཇིག་རྟེན་ལ་བསྒྱུར་བཅོས་གཏོང་ཐུབ་པ་ཡིན་ཞེས་གསུངས་པ་ལྟར། རང་དབང་དང་འདྲ་མཉམ་ཡོད་པའི་ཁྱིམ་ཚང་ཞིག་འཛིན་སྐྱོང་བྱེད་འདོད་ན་རང་ཉིད་ཤེས་ཡོན་ཡོད་པའི་མི་ཞིག་ཏུ་འགྱུར་དགོས་པ་ཡིན། སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་བུད་མེད་ཀྱི་ནུས་པ་གོང་འཐོར་གཏོང་བ་དང་ཁྱིམ་ཚང་ནང་དུ་འདྲ་མཉམ་ཡོང་དགོས་ན་ཤེས་ཡོན་ནི་ཧ་ཅང་གལ་ཆེན་པོ་ཡིན་ཞེས་གསུངས་ཡོད། དེ་ན་བོད་པའི་བུད་མེད་ཚོས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་རང་གི་རྐང་བ་གཉིས་ཀྱི་སྟེང་དུ་རང་ཉིད་ལངས་ཐུབ་པའི་མི་འཇོན་ནུས་ཅན་ཞིག་ཡོང་ཐབས་ལ་འབད་དགོས། ཨ་རིའི་མི་རིགས་ནག་པོའི་ཐོབ་ཐང་འཐབ་རྩོད་ཀྱི་སྣེ་ཁྲིད་མཁན་སྐུ་ཞབས་མལ་ཁམ་ཨེ་ཁུ་སུ། (Malcolm X ) མཆོག་གིས་ཤེས་ཡོན་ནི་མ་འོངས་པའི་ལམ་ཡིག་ཡིན།སང་ཉིན་ནི་དེ་རིང་གྲ་སྒྲིག་ཡོད་མཁན་གྱི་མི་དག་ལ་དབང་བ་ཡིན་ཞེས་གསུངས་པ་ལྟར། ཕྱི་ནང་གི་དཔལ་ཡོན་གཉིས་དང་འབྲེལ་བའི་མ་འོངས་པའི་ཁྱིམ་ཚང་གི་བྱ་བཞག་ཡར་རྒྱས་གོང་སྤེལ་དུ་གཏོང་བའི་ཆ་རྐྱེན་གལ་ཆེ་ཤོས་དེ་ནི་ཤེས་ཡོན་ཡིན་པ་དང་། ཤེས་ཡོན་ལ་ཇི་ལྟར་བརྩོན་པ་བྱེད་ཐུབ་པ་ཡིན་ན། དེ་ལྟར་དུ་མ་འོངས་པའི་འཚོ་གནས་ལ་ཕན་ཐོགས་ཡོད་པ་ཡིན། རྒྱ་གར་གྱི་བདག་ཉིད་ཆེན་པོ་གན་རྡི་མཆོག་གིས་མ་འོངས་པར་རང་ཉིད་ག་འདྲ་ཞིག་ཏུ་འགྱུར་མིན་དེ་ད་ལྟ་རང་གིས་ཅི་ཞིག་སྒྲུབ་གྱིན་ཡོད་མེད་ལ་རག་ལས་ཞེས་གསུངས་ཡོད། དེས་ན་རང་གི་མ་འོངས་པའི་ཁྱིམ་ཚང་གི་བདེ་སྐྱིད་དང་རང་གི་མི་རབས་རྗེས་མ་ཚོའི་ཆེད་དུ་སློབ་སྦྱོང་ལ་བརྩོན་པ་བྱེད་དགོས། ཤེས་ཡོན་ཚད་ལྡན་ཞིག་སྦྱོང་ཐུབ་པ་ཡིན་ན་འཚོ་བ་སྐྱེལ་སྟངས་ལ་སྨན་པའི་སྤྱི་ཚོགས་ཀྱི་གནས་ཚུལ་མང་བོ་ཤེས་རྟོགས་བྱེད་ཐུབ་པ་དང་། མི་ཚེའི་ཁྲོད་དུ་བླང་དོར་ལེགས་ཉེས་ཀྱི་དབྱེ་བ་གསལ་བོ་འབྱེད་པར་མགོ་མི་རྨོངས། ཡང་རྒྱ་གར་གྱི་བདག་ཉིད་ཆེན་པོ་གན་རྡི་མཆོག་གིས་ནམ་ཡང་འཆི་མི་སྲིད་པ་ལྟར་སློབ་སྦྱོང་བྱེད་དགོས། སང་ཉིད་འཆི་སྲིད་པ་ལྟར་འཚོ་བ་སྐྱེལ་དགོས་ཞེས་གསུངས་ཡོད་པ་རེད། དེ་ནི་ནམ་ཡང་སློབ་སྦྱོང་བྱེད་མཚམས་འཇོག་མི་ཉན་པའི་དོན་དང་འཚོ་བ་བདེ་སྐྱིད་དང་ལྡན་པ་ཞིག་སྐྱེལ་དགོས་པའི་དོན་ཡིན་པས་གཞོན་སྐྱེས་ཚོས་སྡོམ་ཚིག་དེར་བསམ་གཞིག་གཏོང་ཐུབ་ནའང་གཉེན་བསྒྲིགས་ཏེ་ཁྱིམ་སྐྱོང་གི་བྱ་བར་དངོས་སུ་ཞུགས་པའི་སྐབས་སུ་ཕན་ཐོགས་རྒྱ་ཆེན་པོ་ཡོད་པར་སེམས་སོ།།  

 

སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་འགྲོ་བ་མིའི་རྣམ་དཔྱོད་ཆ་ཚང་བ་འདོན་ཐུབ་པ་ལ་ཤེས་ཡོན་ཡོད་པ་གཅིག་པོའི་མི་འགྲིག་པར་གཞན་ཕན་དང་ལྷག་བསམ་ཡོད་དགོས་པ་གལ་ཆེ་ཞེས་གསུངས་པ་ལྟར། རང་རེའི་གཞོན་སྐྱེས་ཚོས་བྱམས་བརྩེའི་ཆོས་ལུགས་སུ་འབོད་པའི་རང་མི་རིགས་ཀྱི་རིག་གཞུང་ལ་དོ་སྣང་བྱས་ཏེ་རང་རྒྱུད་ལ་ཆོས་ཀྱི་བསླབ་བྱ་སྦྱོར་གང་ཐུབ་བྱེད་དགོས། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་ནས་སྡུག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་བྱ། རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན།ཞེས་གསུངས་པ་ལྟར། ང་ཚོ་ཁྱིམ་པ་ཚོས་ཀྱང་སེམས་འདུལ་བའི་རིམ་པ་ལ་སྦྱངས་ཏེ་རང་གི་སེམས་ཚོར་རྣམས་སྙོམས་སྒྲིག་ཡག་པོ་ཞིག་བྱེད་ཐུབ་པའི་ཚད་ལ་སླེབས་དུས་གཉེན་སྒྲིག་བྱས་ཏེ་ཁྱིམ་ཚང་སྐྱོང་བ་ཡིན་ན། བཟའ་མི་བུ་ཕྲུག་དང་བཅས་པས་འཚོ་བ་བདེ་སྐྱིད་དང་ལྡན་པ་ཞིག་སྐྱེལ་ཐུབ་པ་ཡིན། ཡང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་ནས་ང་ཚོའི་ཀུན་སློང་གིས་ང་ཚོའི་མི་གཤིས་ལ་བཟོ་ལྟ་བཟོ་བཞིན་ཡོད། ང་ཚོས་བསམ་བློ་ཅི་ཞིག་གཏོང་གི་ཡོད་ན་ང་ཚོ་དེའི་ངོ་བོ་རུ་འགྱུར་འགྲོ་བ་ཡིན། བསམ་པ་དཀར་ཞིང་སེམས་པ་གཙང་མ་ཡིན་པའི་སྐབས་སུ་སྤྲོ་སྣང་ནི་ལུས་ཀྱི་གྲིབ་མ་བཞིན་ང་ཚོ་དང་འགྲོག་སྡད་ཡོད་ཅེས་གསུངས་ཡོད། དེས་ན་ང་ཚོ་ཞོགས་པ་ཡར་ལངས་བའི་སྐབས་སུ་སྐྱབས་འགྲོ་སེམས་སྐྱེད་ཀྱི་ལམ་ནས་རང་གི་ཀུན་སློང་ལབཅོས་སྒྲིག་བྱས་སྟེ། ཡ་རབས་སྤྱོད་བཟང་དང་བྱམས་སྙིང་རྗེ་སོགས་རང་གི་ལུས་ངག་ཡིད་གསུམ་ལ་འཇགས་སུ་འཇུག་དགོས་པ་ཡིན། དེ་བཞིན་དུ་ཉམས་ལེན་ལ་ཉིན་ལྟར་འབད་པ་བྱས་པ་ཡིན་ན་མ་འོངས་པར་གཉེན་བསྒྲིགས་ཏེ་ཁྱིམ་ཚང་སྐྱོང་བའི་སྐབས་སུ་དཀའ་ངལ་སྣ་ཚོགས་ལ་གདོང་གཏོད་མི་དགོས་པ་ཡིན། ཚན་རིག་པ་གྲགས་ཅན་ཨ་བྷིར་ཊི་ཨ་ཡན་སུ་ཊིན་(Albert Einstein) མཆོག་གིས་ཁ་སང་ལས་བསླབ་བྱ་ལེན་པ་དང་། དེ་རིང་གི་ཆེད་དུ་འཚོ་བ། སང་ཉིན་ལ་རེ་བ་བྱེད་པ། དེ་བཞིན་དྲི་བ་འདོན་མཚམས་མི་འཇོག་པ་ནི་གལ་ཆེན་པོ་ཡིན་ཞེས་གསུངས་ཡོད་པ་ལྟར། ང་ཚོ་བོད་པའི་ན་གཞོན་ཚོས་བྱུང་རབས་ལོ་རྒྱུས་ལས་བསླབ་བྱ་བླངས་ཏེ་རང་ལ་འཁྲུ་བའི་འོས་འགན་རྣམས་སྒྲུབ་པ་དང་། མ་འོངས་པའི་མདུན་ལམ་གྱི་ཆེད་དུ། ཁ་ཕྱོགས་མི་ནོར་བའི་ཆེད་དུ། རང་གིས་རང་ལ་དྲི་བ་མང་པོ་བཏོན་ཏེ་དྲིས་ལན་བཙལ་བ་ཡིན་ན། རང་གི་ཉིན་རེའི་འཚོ་བའི་ནང་དུ་ཡ་རབས་སྤྱོད་བཟང་དང་བྱམས་སྙིང་རྗེ། དྲང་བདེན་དང་གནས་སོགས་གལ་ཆེན་པོ་ཡིན་པ་ངོ་འཕྲོད་པ་ཡིན། ཡང་མཚན་མི་གསལ་བའི་སྔོན་ཆད་ཀྱི་མཁས་པ་ཞིག་གིས་ཀུན་སྤྱོད་བཅོས་སྟངས་སྐོར་ལ་ལེགས་བཤད་འདི་འདྲ་ཞིག་གསུངས་འདུག ཀུན་སློང་ལ་མཉམ་ཞོག དེ་ལུས་ཀྱི་རྣམ་འགྱུར་དུ་འགྱུར་འགྲོ། ལུས་ཀྱི་རྣམ་འགྱུར་ལ་མཉམ་ཞོག དེ་ངག་གི་བརྗོད་སྟངས་ལ་འགྱུར་འགྲོ། ངག་གི་བརྗོད་སྟངས་ལ་མཉམ་ཞོག  དེ་ལག་ལེན་ལ་འགྱུར་འགྲོ།  ལག་ལེན་ལ་མཉམ་ཞོག  དེ་གོམས་གཤིས་ལ་འགྱུར་འགྲོ། གོམས་གཤིས་ལ་མཉམ་ཞོག དེ་རང་གི་ལས་དབང་ལ་འགྱུར་འགྲོ་བ་ཡིན་ཞེས་གསུངས་ཡོད་པས་མི་ཚེའི་ཁྲོད་དུ་བྱ་བ་ལམ་འགྲོ་ཡོང་དགོས་ན་ཡ་རབས་སྤྱོད་བཟང་གི་ལས་ལ་ནན་ཏན་བྱེད་དགོས་པར་སྙམ་མོ།།

 

ཤེས་ཡོན་གྱིས་ཁྱེད་ལ་སྟོབས་ཤུགས་སྟེར་ཞིང་། བཟང་སྤྱོད་ཀྱིས་ཁྱེད་ལ་གུས་བཀུར་འདྲེན། ཞེས་བཤད་སྲོལ་ཡོད་པ་ལྟར། ཤེས་ཡོན་དང་བཟང་སྤྱོད་གཉིས་ལྡན་གྱི་མི་ཞིག་ཆགས་པ་ཡིན་ན། གཉེན་སྒྲིག་བྱེད་པར་བྲེལ་འཚུབ་བྱེད་མི་དགོས་པར་སེམས་ལྷོད་ལ་བཞག་སྟེ་དགའ་ཕྱོགས་ཀྱི་ཆེད་ལས་ལ་ངང་གིས་ཞུགས་ཏེ་དཔལ་འབྱོར་གྱི་ཐོན་ཁུངས་བརྟན་པོ་བཟོ་དགོས། དཔལ་འབྱོར་གྱི་འབྱུར་ཁུངས་བརྟན་པོ་ཆགས་པ་དང་འཚོ་བ་རང་རྐྱ་འཕེལ་བ་ཞིག་སྐྱེལ་ཐུབ་པ་ཡིན། སྐབས་དེར། རྒྱུ་དང་ལོངས་སྤྱོད། ཐོབ་དང་གོ་ས། གཉེན་དང་ཉེ་དུ་སོགས་ཀྱི་གནོན་ཤུགས་གང་ཡང་མེད་པར་རང་འདོད་ལྟར། ལས་ལ་བརྩོན་ཞིང་རང་ཚུགས་ཡོད་པའི་མི་ཚད་ལྡན་ཞིག་རང་གི་ཚེ་གཅིག་སྐྱ་ཡ་རུ་འདེམས་ཆོག་པ་ཡིན། ཚན་རིག་པ་གྲགས་ཅན་ཨ་བྷིར་ཊི་ཨ་ཡན་སུ་ཊིན་(Albert Einstein) མཆོག་གིས་ཤེས་ཡོན་གྱི་འབྱུང་ཁུངས་ཉག་ཅིག་ནི་ཉམས་མྱོང་ཡིན་གསུངས་པ་ལྟར། སློབ་མཐར་ཕྱིན་ཏེ་སྤྱི་ཚོགས་ཁྲོད་དུ་ལས་དོན་ལ་དངོས་སུ་ཞུགས་སྟེ་ཉམས་མྱོང་གསོག་ཐུབ་པ་ཡིན་ན།རང་རྒྱུད་ཀྱི་ཤེས་རྟོགས་གོང་མཐོར་འགྲོ་ཞིང་མིའི་ཤུགས་རྐྱེན་ངན་པ་མི་ཐེབས་པར་རང་ཚུགས་བརྟན་པོར་གནས་ཐུབ་པ་ཡིན། སྐབས་དེར་རང་ཉིད་དང་འདྲ་བའི་ཆེད་ལས་པ་དང་མི་ཚད་ལྡན་རྣམས་ལ་འགྲོགས་འདྲིས་བྱས་ཏེ། རང་ཉིད་ཀྱི་ཡིད་དབང་འདྲེན་མཁན་དང་ཡིད་སྨོན་ཤོར་ས། དགའ་ཕྱོགས་གཅིག་ས། མི་གཞི་བཟང་པོ་དང་མི་གཤིས་ཡག་པོ་ཡོད་པའི་མི་ཞིག་འདེམ་ན་ཆོག གཉེན་སྒྲིག་པ་ནི་མི་ཚེ་གང་གི་དོན་ཆེན་ཡིན་པས་བྲེལ་འཚུབ་མི་བྱེད་པར། རང་ཉིད་དང་སེམས་ཁམས་མཐུན་པའི་མི་དེར་དུས་ཡུན་གང་འཚམ་ལ་འགྲོགས་འདྲིས་བྱས་ཏེ་ཆ་རྒྱུས་ཡོད་པའི་སྟེང་ནས་གཉེན་སྒྲིག་བྱས་པ་ཡིན་ན་ཁྱིམ་དོན་ལམ་དུ་འགྲོ་བར་ཕན་ཐོགས་ཡོད། བྱིས་སྒྲུང་གླིང་གི་བྱིས་སྐྱོང་སློབ་གསོའི་རྐན་འཛིན་པ་ཁྲོ་ཆུའི་དོན་འགྲུབ་ལགས་ཀྱིས་ཕ་མའི་སེམས་འཕྲིན་ཞེས་པའི་དཔེ་ཆ་དེའི་ནང་དུ་ཁོ་དང་ཆུང་མ་གཉིས་གཉེན་སྒྲིག་མ་བྱས་སྔོན་དུ་ཕན་ཚུན་ལ་རྒྱུས་ལོན་པའི་ཆེད་དུ་ལོ་དྲུག་བདུན་ཙམ་ལ་སྐྱིད་སྡུག་གཅིག་བྱས་ཏེ་མཉམ་དུ་བསྡད་པ་དང་། རིམ་གྱིས་མི་ཚེ་གང་བོར་མཉམ་དུ་སྡོད་རྒྱུ་སེམས་ཐག་བཅད་དེ་ཆ་རྐྱེན་ཁ་ཤས་བཏོན་པ་ཡིན་ཞེས་གསུངས་འདུག  རབ་ཡིན་ན་གཉེན་སྒྲིག་མ་བྱས་སྔོན་དུ་རང་ཉིད་ཀྱི་ཡིད་དབང་འཕྲོག་མཁན་གྱི་མི་དེར་འགྲོགས་འདྲིས་བྱས་ཏེ་དུས་ཚོད་གང་འཚམ་བསྐྱལ་བ་ཡིན་ན། རང་ཉིད་མི་དེར་བསམ་པ་རྣམ་དག་ཡིན་མིན་དང་མི་དེ་རང་ཉིད་ལ་བསམ་པ་རྣམ་དག་ཡིན་མིན་ཤེས་ཐུབ་པ་དང་། དེ་འདྲའི་གནས་སྟངས་འོག་ཏུ་རང་དབང་དང་འདྲ་མཉམ། བརྩི་བཀུར་དང་ཡིད་ཆེས་ཡོད་པའི་ཁྱིམ་ཚང་ཞིག་སྐྱོང་ཐུབ་པ་དང་། ཕ་མ་དང་བུ་ཕྲུག་གསོ་སྐྱོང་བྱེད་པ་ལ་སོགས་པའི་ཁྱིམ་དོན་བསྒྲུབ་སླ་བ་ཡིན།  

 

མདོར་བསྡུས་ན་བྱིས་པ་ཚད་ལྡན་ཞིག་གསོ་སྐྱོང་བྱེད་ཐུབ་མིན་དེ་ཁྱིམ་ཚང་ནང་དུ་འཆམ་མཐུན་ཡོད་མེད་དང་ཕ་མ་གཉིས་ཀྱི་ནུས་པ་ཉམས་སྤུངས་བྱེད་ཐུབ་མིན་ལ་རག་ལས།ཁྱིམ་ཚང་ནང་དུ་འཆམ་མཐུན་ཡོད་མིན་དང་ཕ་མ་གཉིས་ཀྱིས་ནུས་པ་ཉམས་སྤུངས་བྱེད་ཐུབ་མིན་དེ་ཕ་མ་གཉིས་ཀྱི་གཤིས་རྒྱུད་ལ་འདྲ་མཉམ་གྱི་ལྟ་བ་དང་བརྩི་བཀུར་ཡོད་མེད་ལ་ཐུག་ཡོད། དེས་ན་གཉེན་སྒྲིག་ལ་མ་ཞུགས་སྔོན་དུ་ཤེས་ཡོན་ལ་ལེགས་པར་སྦྱངས་ཏེ་རང་ཉིད་འཇོན་ནུས་ཡོད་པ་དང་ ཡ་རབས་སྤྱོད་བཟང་ལ་སོགས་པའི་མི་གཤིས་ཀྱི་ཡོན་ཏན་ཡོད་པའི་མི་ཞིག་ཏུ་བསྒྱུར་དགོས་པ་ཡིན། རང་ཉིད་ཀྱི་འཚོ་བ་རང་འགོ་ཐོན་པའི་ཆེད་དུ་དཔལ་འབྱོར་གྱི་ཐོན་ཁུངས་བརྟན་པོ་བཟོ་དགོས་པ་ཡིན། ཤེས་ཡོན་དང་བཟང་སྤྱོད། དཔལ་འབྱོར་སོགས་ཀྱི་ཆ་རྐྱེན་ཡོད་པ་ཡིན་ན། གཉེན་སྒྲིག་རང་འདོད་ལྟར་བྱེད་ཆོག་པ་དང་འཚོ་བ་དེང་རབས་ལྟར་སྐྱེལ་ཐུབ་པ་ཡིན། ལྷག་པར་བུ་ཕྲུག་དཀྱིལ་སྙིང་དུ་འཇོག་པ་དང་བཟའ་མི་འདྲ་མཉམ་དུ་ལྟ་བའི་སློབ་གསོའི་ལུགས་སྲོལ་ཡག་པོ་རྣམས་ཉམས་ལེན་བྱེད་ཐུབ་པ་ལ་སོགས་པའི་དགེ་མཚན་མང་པོ་ཡོད་དོ།།

Topic: གཉེན་སྒྲིག་དང་ཁྱིམ་ཚང་སྐྱོང་ཐབས་སྐོར་ཀྱི་བསམ་ཚུལ།

No comments found.

New comment