གཡག་རྒོད་བོད་ཀྱི་བྱིས་པའི་སློབ་གསོའི་ལས་གཞི་བཙུགས་ཏེ་ལོ་བཅུ་འཁོར་བའི་ལས་བསྡོམས།

གཡག་རྒོད་བོད་ཀྱི་བྱིས་པའི་སློབ་གསོའི་ལས་གཞི་བཙུགས་ཏེ་ལོ་བཅུ་འཁོར་བའི་ལས་བསྡོམས།

 

བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་བྱས་ནས་ཞེས་གསུངས་པ་ལྟར། ༧སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་ཏུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་གནང་ཕྱོགས་ཐད་བསྩལ་པའི་བཀའ་སློབ་ལམ་སྟོན་ལག་ལེན་ལ་བསྟར་ཆེད། བགྲང་བྱ་བཅུའི་རིང་ལ་གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་བོད་ཀྱི་བྱིས་སྐྱོང་སློབ་གསོའི་བྱ་གཞག་མི་ཉམས་གོང་འཕེལ་གྱི་ལས་དོན་ལ་རང་ནུས་ཅི་ལྕོགས་ཀྱིས་འབད་བརྩོན་བྱས་པའི་ལས་བསྡོམས་མདོར་བསྡུས་གཤམ་གསལ།

ཕྱི་ལོ་༢༠༡༡ ལོའི་སྤྱི་ཟླ་༧ པའི་ཚེས ༦ ཉིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་བཟང་དང་སྟབས་བསྟུན་ནས་སྐབས་དེར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཡིག་གི་བྱིས་པའི་ཀློག་དེབ་མང་པོ་མེད་པ་ལ་དམིགས་ཏེ། གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གསར་དུ་བཙུགས་པ་ནས་ད་ལྟའི་བར་དུ་བྱིས་སྒྲུང་གསར་རྩོམ་དང་། ཕྱི་རྒྱལ་གྱི་བྱིས་སྒྲུང་བོད་བསྒྱུར། ངག་རྒྱུན་སྒྲུང་གཏམ་བསྡུ་སྒྲིག ལྷ་སྒྲུང་དང་འདྲེ་སྒྲུང་། དངོས་སྒྲུང་། བྱིས་གླུ། མགུར། ཁེད། ཐ་སྙད་གསར་བ། སྒྲ་ལྡན་བྱིས་སྒྲུང་། བྱིས་པའི་བརྙན་འཕྲིན། བྱིས་པ་གསོ་སྐྱོང་བྱེད་ཐབས་ཀྱི་ཆེད་རྩོམ་ལ་སོགས་པའི་བོད་ཀྱི་བྱིས་པར་ཆེད་དུ་དམིགས་པའི་སློབ་གསོའི་སྐོར་གྱི་རྩོམ་ཡིག་གྲངས་༣༠༠ ལྷག་བཀོད་ཡོད་ཅིང་། ལྷག་པར་དུ་རང་རིགས་ན་ཆུང་བྱིས་པ་ཚོའི་སེམས་ཁམས་སུ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་བག་ཆགས་འཇོག་ཆེད་དུ་བྱིས་པའི་རི་མོ་གྲངས་༣༠༠ ལྷག་དྲྭ་ཚིགས་སུ་བཀོད་པ་བཅས་ནུབ་ཕྱོགས་ཡུལ་གྲུ་ཁག་ན་ཁ་འཐོར་དུ་གནས་པའི་བོད་པའི་ཕ་མ་དང་བུ་ཕྲུག་ཚོར་དྲ་ལམ་ནས་ཞབས་ཞུ་ཞུས་དང་ཞུ་མུས་ཡིན། www.wildyaks.com

          དཔེ་སྐྲུན་གྱི་སྐོར་ནས་༼རྨི་ལམ་དང་མདུན་ལམ་འཚོལ་བ།༽༼ ཀ་ཕྲེང་བྱིས་པའི་འཇུག་ངོགས།༽༼ གྱ་སྟོན། ༽༼པདྨ་མཚོའི་འགྲན་རྩོད།༽༼ ཨ་ལགས་ཧར་བ་ཚང་གི་མཛད་རྣམ་༽བཅས་དཔེ་དེབ་ལྔ་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་ཁྱོན་བསྡོམས་དེབ་གྲངས་ཆིག་ཁྲི་ལྷག་བོད་ཕྱི་ནང་གི་བོད་ཕྲུག་རྣམས་ལ་རིན་མེད་དུ་འགྲེམས་སྤེལ་བྱས་ཡོད། ད་དུང་པར་སྐྲུན་བྱེད་མ་ཐུབ་པའི་དེབ། ༼རྒྱལ་སྲས་དོན་གྲུབ།༽༼ བདེ་སྐྱིད་འཚོལ་བ།༽༼ གངས་སེང་འཚོལ་བ།༽༼ བྱིས་པའི་ཚིག་མཛོད།༽༼ གནའ་གཏམ་བྱིས་པ་དགའ་བསྐྱེད་༽སོགས་བྱིས་པའི་དཔེ་དེབ་༡༩ ཙམ་པར་སྐྲུན་བྱ་འཆར་ཡོད་ནའང་། གནས་སྐབས་རིང་པར་སྐྲུན་མ་དངུལ་གྱི་རྐྱེན་པས་པར་སྐྲུན་མ་ཐུབ་པར་ལྷག་ཡོད།

 

          ཕྱི་ལོ་༢༠༡༦ ལོ་ནས་བཟུང་བྱིས་སྒྲུང་གླིང་ཞེས་པའི་དྲྭ་ཐོག་ཚོགས་པ་ཞིག་བཙུགས་ཏེ་བོད་ཕྱི་ནང་གི་ཕ་མ་ལྷག་བསམ་ཅན་འགའ་དང་ལྷན་དུ་ལོགས་སུ་འགན་ཁུར་ཚོགས་པ་ཞིག་བཙུགས་ཏེ་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་སེམས་ཁམས་ལྡན་ཞིང་བོད་མི་རིགས་ཀྱི་ལས་དབང་ལ་འགན་ཁུར་ཐུབ་པའི་བྱིས་པ་ཇི་ལྟར་སྐྱེད་སྲིང་བྱེད་ཚུལ་སྐོར་ནས་གླེང་མོལ་བྱས་པ་དང་། བྱིས་སྒྲུང་གླིང་གི་ཚོགས་མི་ཐུན་མོང་གིས་མ་རྩ་བཙུགས་ཏེ་བྱིས་པའི་ཀློག་དེབ་༼སྟོན་པའི་མཛད་རྣམ་བྱིས་པའི་བློ་འབྱེད་༽ཅེས་པའི་རིས་དེབ་གཅིག་དང་༼ཕ་མའི་སེམས་འཕྲིན་༽ཞེས་པའི་བྱིས་པ་སྐྱོང་ཚུལ་གྱི་དཔེ་དེབ་གཅིག་པར་སྐྲུན་བྱས་ཤིང་བོད་ཕྱི་ནང་གཉིས་སུ་འགྲེམས་སྤེལ་བྱས་དང་བྱེད་མུས་ཡིན། www.buddhaslifestory.com

 

བོད་ཀྱི་བྱིས་པའི་སློབ་གསོའི་སྐོར་ལ་དོ་སྣང་དང་གོང་འཕེལ་ཡོང་བར་དམིགས་ཏེ་ཁ་ན་ཊའི་གྲོང་ཁྱེར་ཌོ་རན་ཀྲོའི་ནང་དུ་བོད་ཀྱི་བྱིས་སྒྲུང་རི་མོའི་འགྲེམ་སྟོན་ཐེངས་གསུམ་ལ་བྱས་ཡོད།  གཞན་བོད་ནང་གི་སློབ་ཆུང་སློབ་མ་རྣམས་ལ་དམིགས་ཏེ་རིན་མེད་གློག་ཀླད་ལས་གཞི་སྤེལ་བ་དང་ལོ་ཆུང་ཚོ་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་ཆེད་དྲ་ལམ་ནས་བྱ་དགའ་ཡོད་པའི་བྱིས་སྒྲུང་རྩོམ་སྒྲིག་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ། བོད་མི་འདུས་སྡོད་བྱེད་སའི་སྤྱི་ཚོགས་ཁྲོད་དུ་བོད་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་གྱི་བྱ་འགུལ་ཡང་གང་ཐུབ་སྤེལ་དང་སྤེལ་མུས་ཡིན།

 

མ་འོངས་ལས་འཆར། བོད་རྒྱལ་མོ་ཚ་བ་རོང་གི་གོམས་སྲོལ་དང་འབྲེལ་བའི་བྱིས་པའི་དཔེ་དེབ། བྱིས་པ་སྐྱོང་ཐབས་ཕ་མའི་ཀློག་དེབ་ཅེས་པའི་དཔེ་དེབ་གཅིག་དང་། བྱིས་སྒྲུང་གླིང་གི་གཉེར་བཞིན་པའི་སྟོན་པའི་མཛད་རྣམ་བྱིས་པའི་བློ་འབྱེད་ཀྱི་དེབ་གྲངས་གཉིས་ནས་བཞི་བར། རི་མོ་ཅན་གྱི་བྱིས་པའི་ཚིག་མཛོད་སོགས་དཔེ་དེབ་ཁག་ཅིག་འགྲེམས་སྤེལ་བྱ་རྩིས་ཡིན།

          གཡག་རྒོད་བྱིས་པའི་སློབ་གསོའི་ལས་གཞི་འདི་གཉེར་མཁན་གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་བླངས་བ་རྣམས་ནི། ཁ་ན་ཌར་གནས་སྡོད་ཇོས་ལེས། སུ་ཌ་སྤུ། དབལ་ཤུལ་མཁས་གྲུབ། ཨ་རིར་གནས་སྡོད་ལྕགས་མོ་འཚོ། ཨོ་སི་ཀྲོ་ལི་ཡར་གནས་སྡོད་ལྷ་ཆབ་སྦྱིན་པ་དང་གཟུངས་ཕྱུག་སྐྱིད་བཅས་ཡིན། ང་ཚོ་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པའི་བོད་མི་དཀྱུས་མ་ཤ་སྟག་ཡིན་ཞིང་། ལས་དོན་འདི་དང་འབྲེལ་བའི་རྣམ་དཀར་ཀྱི་བསོད་ནམས་གང་བསགས་པ་ཐམས་ཅད་རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་ཚེ་ཡུན་རིང་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་རྒྱུ་རུ་འགྲོ་བའི་སྨོན་འདུན་ཞུའོ།།

 
 

 

Topic: གཡག་རྒོད་བོད་ཀྱི་བྱིས་པའི་སློབ་གསོའི་ལས་གཞི་བཙུགས་ཏེ་ལོ་བཅུ་འཁོར་བའི་ལས་བསྡོམས།

No comments found.

New comment

Contact

Administrator 416-453-9887 admin@wildyaks.com