གྲོང་ཁྱེར་གྱི་འཚོ་བའི་ཁྲོད་དུ་བོད་སྐད་ཡིག་རྒྱུད་འཛིན་བྱེད་མི་ཐུབ་པ་ནི་བདེན་པ་མིན།

བོད་ནང་གི་ན་གཞོན་ཤེས་ཡོན་པ་ཞིག་གིས་དེང་རབས་ཀྱི་གྲོང་ཁྱེར་ཚང་མ་བོད་པ་ཚོས་བོད་སྐད་ཡིག་རིག་གནས་དུར་འཇུག་བྱེད་ས་རེད་ཅེས་སྡོམ་ཚིག་ཅིག་བཀོད་འདུག འོན་ཀྱང་། བོད་ཕྱི་ནང་གཉིས་སུ་གྲོང་ཁྱེར་དུ་གནས་སྤོར་བྱེད་མཁན་གྱི་བོད་མིའི་གྲངས་འབོར་ལོ་རེ་བཞིན་མང་ནས་མང་དུ་འགྲོ་བཞིན་ཡོད། དེ་དང་ལྷན་དུ་གྲོང་ཁྱེར་དུ་གནས་སྡོད་བྱེད་པའི་བོད་པའི་སྤྱི་ཚོགས་ཀྱི་བོད་སྐད་ཡིག་གི་གནས་སྟངས་ཇེ་ངན་ཇེ་ཞན་དུ་འགྲོ་བཞིན་པ་ནི་དོ་སྣང་མི་བྱེད་རང་བྱེད་དུ་གྱུར་བ་དང་། གྲོང་ཁྱེར་དུ་བཞུགས་པའི་བོད་མི་ཚོའི་ཁ་བརྡའི་ཁྲོད་ཀྱི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་བ་མ་ཟད། བོད་སྐད་ཡིག་གི་འཚོ་གནས་དང་དེ་རྒྱུན་འཛིན་བྱེད་ཕྱོགས་ཀྱི་ཐད་ལ་བསམ་ཚུལ་བརྗེ་རེས་ཀྱི་ལམ་ནས་རྩོད་པའང་མང་པོ་བྱེད་ཀྱི་ཡོད། ཁ་ཤས་ཀྱིས་གྲོང་ཁྱེར་གྱི་འཚོ་བའི་ཁྲོད་དུ་བོད་སྐད་ཡིག་རྒྱུན་འཛིན་བྱེད་པ་ནི་མི་སྲིད་པ་དང་། བོད་ཕྲུག་ཚོས་བོད་མའི་འདུ་ཤེས་མ་བརླག་པ་ཡིན་ན་བོད་སྐད་ཡིག་རྒྱུད་འཛིན་བྱེད་མ་ཐུབ་ཀྱང་སྐྱོན་མེད་ཚུལ་བརྗོད་ཀྱི་ཡོད། ལྷག་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པའི་བོད་མི་ཚོའི་ཁྲོད་དུ་དེ་འདྲའི་སྐད་ཆ་བཤད་མཁན་ཧ་ཅང་མང་པོ་ཡོད། ཡིན་ནའང་། ཁ་ཤས་ཀྱིས་ཕ་ཡུལ་བརྗེད་ཀྱང་ཕ་སྐད་མ་བརྗེད་ཟེར་བ་ཡིན་པས། བོད་སྐད་ཡིག་ནི་བོད་པའི་ཆོས་དང་རིག་གནས་ཀྱི་རྟེན་གཞི་ཡིན་པས་དེ་ངེས་པར་དུ་རྒྱུན་འཛིན་བྱེད་དགོས་པར་བཤད་ཀྱི་ཡོད། བོད་པའི་སྐྱེས་ཆེན་ཚོ་གྲོང་ཁྱེར་ཁག་ཏུ་འཚམས་གཟིགས་སུ་ཕེབས་པའི་སྐབས་སུའང་། བོད་རིགས་མང་ཚོགས་ལ་ཟུར་དུ་མཇལ་ཁ་གནང་སྟེ། བོད་སྐད་ཡིག་རྒྱུད་འཛིན་གྱི་བྱ་བཞག་སྐོར་ལ་ཆེད་དུ་བཀའ་སློབ་ལམ་སྟོན་ཡང་ནས་ཡང་དུ་གནང་གི་ཡོད། ཡིན་ནའང་། དེང་རབས་ཀྱི་གྲོང་ཁྱེར་ཁག་ཏུ་འཚོ་བ་སྐྱེལ་བཞིན་པའི་བོད་པ་མང་པོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་སྐད་ཡིག་བེད་སྤྱོད་མི་བྱེད་པར་སྐད་རིགས་གཞན་བཀོལ་སྤྱོད་བྱས་ཏེ་བོད་པའི་གཞོན་སྐྱེས་རྣམས་ལ་མིག་དཔེ་ངན་པ་བཞག་དང་འཇོག་བཞིན་ཡོད། དེ་ལྟར་ན་དེང་རབས་ཀྱི་གྲོང་ཁྱེར་དུ་བོད་སྐད་ཡིག་རྒྱུད་འཛིན་བྱེད་པར་ཕྱིའི་འགོག་རྐྱེན་ཧ་ཅང་མང་པོ་ཡོད། ཡིན་ནའང་། འདིར་ནང་གི་མཐུན་རྐྱེན་དང་འགྲོག་རྐྱེན་གཉིས་ཀྱི་སྐོར་ནས་དཔེ་མཚོན་དང་བཅས་ཅུང་ཟད་གླེང་བར་བྱའོ།།

དེང་རབས་ཀྱི་གྲོང་ཁྱེར་དུ་བོད་སྐད་ཡིག་རྒྱུད་འཛིན་བྱེད་པར་བོད་མི་རང་ངོས་ནས་འགོག་རྐྱེན་བཟོ་བཞིན་པའི་གནས་ཚུལ་ཁ་ཤས་བརྗོད་རྒྱུ་ཡིན། དཔེར་ན་གྲོང་ཁྱེར་ནས་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་ཤེས་ཡོན་པ་རེ་ཟུང་གིས་བོད་སྐད་ཡིག་ནི་སྦྱོང་དཀའ་བའི་སྐད་ཡིག་ཅིག་ཡིན་པའི་རྒྱུ་མཚན་བཤད་དེ་སྐད་རིགས་གཞན་གྱི་སྟེང་ནས་དཔེ་ཆ་འབྲི་བ་དང་རྩོམ་ཡིག་འབྲི་བཞིན་ཡོད། ཁོ་ཚོའི་ཁྲོད་ཀྱི་རེ་ཟུང་བོད་སྐད་བརྙན་འཕྲིན་དང་རླུང་འཕྲིན་ལ་སོགས་པའི་བརྒྱུད་ལམ་དག་ལ་ཕེབས་ཏེ་བོད་ཡིག་གི་ཚེག་ཁྱིམ་དང་བོད་ཡིག་འབྲི་སྟངས་ཀྱི་སྐོར་ལ་བསྒྱུར་བཅོས་གཏོང་དགོས་པར་བཤད་མྱོང་བ་རེད། ཡིན་ནའང་རང་ཉིད་ལ་བོད་སྐད་ཡིག་བཀོད་སྤྱོད་བྱེད་པའི་གོམས་གཤིས་ཡོད་མེད་དང་། དེ་རྒྱུན་འཛིན་བྱེད་པའི་ཆོད་སེམས་ཡོད་མེད་ལ་ཕལ་ཆེར་བསམ་བློ་གཏོང་མྱོང་མེད་པར་སྣང་། རྒྱུ་མཚན་ནི་ཁོ་ཚོས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ནམ་རྒྱུན་བཀོལ་སྤྱོད་བྱེད་བཞིན་པའི་སྐད་ཡིག་དེ་ནི་བོད་སྐད་ཡིག་མ་ཡིན་ནོ།། དེ་བཞིན་དུ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་མིང་བྱང་ཁུར་པའི་ཚོགས་སྡེ་མང་པོའི་རྒྱུན་བཀོལ་སྐད་ཡིག་དེའང་བོད་སྐད་ཡིག་མ་ཡིན་པར། མི་རིགས་གཞན་གྱི་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་གཞོན་སྐྱེས་ཚོར་བོད་སྐད་ཡིག་མ་ཤེས་ནའང་མིི་སྐྱོན་པའི་མིག་དཔེ་ངན་པ་ཞིག་ལག་ལེན་ཁྲོད་ནས་སྟོན་གྱི་ཡོད།ཡང་བོད་མི་རེ་ཟུང་གིས་བོད་ཡིག་ནི་ཆོས་འདོན་བྱེད་ཅིག་ཡིན་པ་ལས་འཚོ་བ་སྐྱེལ་སྟངས་དང་འབྲེལ་བ་མེད་པར་བརྗོད་ཀྱི་ཡོད་ཀྱང་དེ་ནི་གླེན་བཤད་ཤ་སྟག་རེད་སྙམ། ཡ་མཚན་སྐྱེ་བའི་གནས་ཚུལ་ཞིག་ནི་བོད་སྐད་ཡིག་གི་གཙོས་པའི་སྐད་རིགས་མང་པོའི་ཆ་རྐྱེན་འཛོམས་པའི་ན་གཞོན་མཁས་པ་རེ་ཟུང་གིས་བོད་སྐད་ཡིག་མི་ཤེས་པའི་དེང་སང་གི་བོད་རིགས་ཆེད་ལས་པ་ཚོར་བསྟུན་ཤེས་ཀྱིས་བོད་པའི་བརྙན་འཕྲིན་ཁང་དང་བོད་པའི་སྤྱི་ཚོགས་དྲ་ལམ་དག་ནས། ཕྱི་རྒྱལ་མཁས་པའི་ལུང་སྣ་ཚོགས་དྲངས་ཏེ་བོད་སྐད་ཡིག་མ་ཤེས་ནའང་སྐྱོན་མེད་པའི་དགོངས་ཚུལ་གསུངས་ཏེ་གཞོན་སྐྱེས་ཚོར་སློབ་གསོའི་ཁ་ཕྱོགས་ལོག་པ་སྟོན་ཀྱིན་འདུགཡང་བོད་མི་ཁ་ཤས་ཀྱིས་གྲོང་ཁྱེར་དུ་བོད་ཡིག་སློབ་སའི་སློབ་གྲྭ་ཡག་པོ་དང་དགེ་རྒན་ཚད་ལྡན་མེད་པར་བརྗོད་དེ་རང་ཉིད་ཀྱིས་བོད་སྐད་ཡིག་གི་དར་རྒུད་ལ་འགན་ཁུར་མ་ཐུབ་པ་ལ་ཁག་དཀྲི་ས་འཚོལ་གྱིན་ཡོད། དེས་ལས་ཀྱང་ཡིད་སྐྱོ་བ་ཞིག་ནི་བོད་མི་ཆེས་ཉུང་ཤས་ཀྱིས་རང་གི་བུ་ཕྲུག་གི་མ་འོངས་པའི་འཚོ་བ་མི་རིགས་གཞན་དང་མཉམ་དུ་ཕྱི་རྒྱལ་གྱི་སྤྱི་ཚོགས་ནང་དུ་སྐྱེལ་དགོས་པར་བཤད་པ་དང་། བུ་ཕྲུག་ལ་བོད་སྐད་ཡིག་བསླབ་ཏེ་དཀའ་ཁག་སྤྲོད་ཀྱི་མིན་ཞེས་བརྗོད་ཀྱི་ཡོད་པ་ལ་སོགས་ནི་གྲོང་ཁྱེར་དུ་བོད་སྐད་ཡིག་རྒྱུན་འཛིན་བྱེད་པར་འགོག་རྐྱེན་དུ་གྱུར་བའམ་ཡང་ན་འགྱུར་ངེས་པའི་རྟགས་མཚན་ཡིན་ཕྱིར་སློབ་གསོ་སྤྲོད་མཁན་དང་ཉན་མཁན་གཉིས་ཀའི་ཐད་ནས་ཧ་ཅང་གཟབ་དགོས་པར་སེམས་སོ།། 

རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གོམས་ན་སླ་བར་མི་འགྱུར་བའི། དངོས་དེ་གང་ཡང་ཡོད་མ་ཡིན་ཞེས་གསུངས་པ་ལྟར། ང་ཚོ་བོད་པའི་ཕ་མ་ཚོས་བོད་སྐད་བཤད་ཤེས་ཤིང་། བོད་ཡིག་འབྲི་ཀློག་བྱེད་ཐུབ་པའི་བྱིས་པ་ཞིག་གསོ་སྐྱོང་བྱེད་བསམ་ན། ཕ་མ་རང་ཉིད་ཀྱི་ཆོད་སེམས་དང་སྙིང་སྟོབས། ལྷག་བསམ་སེམས་ཤུགས། སྙིང་རུས་དང་འབད་བརྩོན། བྱེད་ཐབས་དང་གོམས་གཤིས་སོགས་ལ་རག་ལས་པ་ཞིག་ཡིན། དེས་ན་དེང་རབས་ཀྱི་གྲོང་ཁྱེར་དུ་བོད་སྐད་ཡིག་རྒྱུད་འཛིན་བྱེད་ཐུབ་པའི་རྒྱུ་མཚན་དང་དཔེ་མཚོན་ཞིག་ནི། ཕྱི་ལོ་༡༩༧༡ ལོར་བོད་མི་༢༤༠ རྒྱ་གར་ནས་ཁ་ན་ཊའི་རྒྱལ་ཁབ་ཏུ་གནས་སྤར་ཏེ་གྲོང་ཁྱེར་ཁ་ཤས་ཀྱི་ནང་དུ་ཁ་འཐོར་ངང་གཞིས་ཆགས་ཡོད་པ་རེད།ཡིན་ན་བོད་མི་དེ་དག་གིས་རང་ཁྱིམ་དུ་བོད་སྐད་ཡིག་བཀོལ་སྤྱོད་གནང་སྟེ་དེང་སྐབས་ཁོང་ཚོའི་བུ་རྒྱུད་ཚོའི་ཁྲོད་དུ་བོད་སྐད་བཤད་མི་ཐུབ་མཁན་ཞིག་ཕལ་ཆེར་མེད། གནས་ཚུལ་འདི་ནི་ཕྱི་རྒྱལ་གྱི་གྲོང་ཁྱེར་ནང་དུ་བོད་སྐད་ཡིག་རྒྱུད་འཛིན་བྱེད་ཐུབ་པའི་དཔེ་མཚོན་གསོན་པོ་ཞིག་མ་ཡིན་ནམ། དེ་བཞིན་དུ་མི་རབས་མང་པོ་ཕྱི་རྒྱལ་གྱི་གྲོང་ཁྱེར་ནང་དུ་འཚར་ལོངས་བྱུང་བའི་རྒྱ་མི་རིགས་དང་། འཇར་པན་པ། རྒྱ་གར་བ་ལ་སོགས་པའི་མི་རིགས་མང་པོས་རང་ཁྱིམ་དུ་རང་སྐད་གཙང་མ་བཤད་པའི་གོམས་གཤིས་ཀྱི་རྒྱུན་བསྐྱངས་ཏེ་མི་རིགས་ཀྱི་ངོ་བོ་མ་འགྱུར་བར་བརྟན་པོར་གནས་ཡོད། གནས་ཚུལ་འདི་ཡང་ཕྱི་རྒྱལ་དུ་བོད་སྐད་ཡིག་རྒྱུན་འཛིན་བྱེད་ཐུབ་པའི་དཔེ་མཚོན་ཞིག་ཡིན། དཔེ་མཚོན་གཞན་ཞིག་ནི་འཇར་མན་དུ་བཞུགས་པའི་རྒྱ་རོང་བརྩོན་འགྲུས་དང་ཁ་ན་ཊར་བཞུགས་པའི་ཁྲོ་ཆུའི་དོན་འགྲུབ་ལ་སོགས་པའི་ཕ་མ་མང་པོས་རང་ཁྱིམ་གྱི་ཁོར་ཡུག་ནི་བོད་སྐད་བཤད་ས་དང་བོད་ཡིག་འབྲི་ས་རུ་བསྒྱུར་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་དང་ལེན་བཞིན་ཡོད། ད་དུང་དེ་ལས་མང་བའི་དཔེ་མཚོན་མང་པོ་དྲངས་རྒྱུ་ཡོད་ཀྱང་ཡིག་ཚོགས་ལ་དོགས་ནས་བྲིས་མེད། ཡིན་ནའང་། འདས་པའི་མི་ལོ་ཉི་ཤུ་ལྷག་གི་ནང་དུ་ཨ་རི་དང་ཁ་ན་ཊ་ལ་སོགས་པའི་ནུབ་ཕྱོགས་གྲོང་ཁྱེར་ཁག་ཏུ་གནས་སྤོར་བྱས་པའི་མི་རབས་དེ་དང་། དེང་སང་བོད་ནང་ཟི་ལིང་དང་ལན་ཀྲུ།ཁྲིན་ཏུ་གྲོང་ཁྱེར་སོགས་སུ་གཞིས་ཆགས་པའི་བོད་པའི་ཕ་མ་ཚོའི་ནོར་འཁྲུལ་དེ་ནི་རང་དང་བུ་ཕྲུག་བར་དུ་བོད་སྐད་བཤད་པའི་གོམས་གཤིས་མེད་པ་དེ་རེད། བུ་ཕྲུག་ལད་ཟློས་ལ་དགའ། ལད་ཟློས་བྱེད་ས་ཕ་མ་ཡིན་ཟེར་བ་ལྟར། ཕ་མ་ལ་བོད་སྐད་བཤད་པའི་གོམས་གཤིས་མེད་ན། བུ་ཕྲུག་གིས་བོད་སྐད་ཇི་ལྟར་བཤད་ཤེས། དེས་ན་ཁྱིམ་མཚེས་ལ་ལྟ་ས་དང་ཨ་རོགས་ལ་ཉན་ས་ཞེས་པའི་དཔེ་ལྟར། བོད་པའི་ཕ་མ་ཚོས་རང་གི་བུ་ཕྲུག་གི་མ་འོངས་མདུན་ལམ་དང་ཁ་དཔུང་ལ་རྒྱ་བསམ་སྟེ་རང་ཁྱིམ་དུ་བོད་སྐད་གཙང་མ་བཤད་པའི་གོམས་གཤིས་རྒྱུན་སྐྱོང་བྱེད་དགོས་སོ།།

དེང་རབས་ཀྱི་གྲོང་ཁྱེར་དུ་གནས་སྡོད་བྱས་ཡོད་པའི་བོད་མི་རེ་ཟུང་གིས་བོད་སྐད་ཡིག་བེད་སྤྱོད་བྱེད་སའི་ཁོར་ཡུག་དང་མཐུན་རྐྱེན་མེད་པར་བརྗོད་ཀྱི་ཡོད། དེ་ཡང་དངོས་ཡོད་གནས་ཚུལ་མ་ཤེས་པ་དང་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་མ་བྱས་པའི་སྐད་ཆ་ཞིག་ཡིན་པ་ལས་བདེན་པ་རྩ་བ་ཉིད་ནས་མིན། ཁ་ན་ཊའི་རྒྱལ་ཁབ་ལྟ་བུ་ལ་མཚོན་ན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཚོའི་ནང་དུ་བོད་སྐད་ཡིག་བཀོད་སྤྱོད་བྱེད་པའི་ཐོབ་ཐང་ཡོད་པ་མ་ཟད་མཐུན་རྐྱེན་ཀྱང་སྦྱོར་གྱི་ཡོད། དཔེར་ན་ང་ཚོ་གཡག་རྒོད་རྩོམ་སྒྲིག་ཚོགས་པས་ཕྱི་ལོ་༢༠༠༧ ནས་ཉིས་སྟོང་༢༠༡༠ བར་དུ་བོད་མི་གནས་སྡོད་བྱེད་སའི་སློབ་ཆུང་ཁག་གི་ནང་དུ་སྐད་བསྒྱུར་གྱི་ལས་ཀའི་ས་མིག་ཞིག་ཡོད་པ་དེར་སྙན་ཞུ་ཕུལ་ཏེ་ཕ་མའི་ཚོགས་འདུ་དང་དཔེ་ཀློག་གི་ཉིན་མོ་སོགས་ལ་མཉམ་ཞུགས་དང། སློབ་གྲྭའི་དཔེ་མཛོད་དུ་བོད་ཡིག་གི་དཔེ་ཆ་མེད་པར་སྐྱོན་བརྗོད་བྱས་ཏེ་གྲུབ་འབྲས་ཀྱང་ཅུང་ཟད་བླངས་པ་རེད། དེ་བཞིན་དུ་སྤྱི་ཚོགས་བདེ་འཇགས་ལས་ཁུངས་དང་ཕྱི་མི་གཞིས་ཆགས་ལས་ཁུངས། སྤྱི་ཚོགས་བདེ་དོན་ལས་ཁུངས། ཁྲིམས་རྩོད་ཁང་དང་ཁྲིམས་ཁང་། སྨན་ཁང་དང་འགྲིམ་འགྲུལ་ལས་ཁུངས་ལ་སོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་རིགས་དང་འབྲེལ་བའི་སྡེ་ཚན་མང་པོའི་ནང་དུ་སྐད་གཉིས་ཤན་སྦྱར་གྱི་ཞབས་ཞུའི་ཐོབ་ཐང་ཡོད་པ་རེད། འོན་ཀྱང་ལས་ཀའི་ས་མིག་དེ་དག་ནི་བོད་སྐད་ཡིག་གི་ཤེས་ཚད་ཧ་ཅང་ཞན་པའི་བོད་མི་རེ་ཟུང་གིས་བདག་བཟུང་བྱས་ནས་ལས་གནས་དེ་དག་བོད་སྐད་ཡིག་བཀོལ་སྤྱོད་བྱེད་ས་རུ་གྱུར་མེད། གྲོང་ཁྱེར་དུ་གནས་སྡོད་བྱེད་བཞིན་པའི་བོད་པའི་ཕ་མ་ཚོས་བོད་སྐད་བཤད་ཐུབ་པའི་བྱིས་པ་གསོ་སྐྱོང་བྱེད་ཐབས་ལ་བརྩོན་དགོས། དེ་ལྟར་ན་དང་པོ་རང་རྒྱུད་ལ་བོད་སྐད་བཤད་པའི་གོམས་གཤིས་ཡོད་དགོས་པ་དང་། རང་ཁྱིམ་དུ་བོད་ལུགས་ལྟར་འཚོ་བ་སྐྱེལ་དགོས་པ་ཡིན། དེ་ལྟར་བྱས་ན་ཁྱིམ་མི་མཉམ་འཛོམས་ཀྱི་དུས་ཚོད་ཚང་མ་བོད་སྐད་བཤད་ས་དང་བོད་ཡིག་འབྲི་ས་རུ་འགྱུར་འགྲོ་བ་ཡིན། ལྷག་པར་དུ་གྲོང་ཁྱེར་ནང་དུ་དྲ་རྒྱ་དང་བརྡ་འཕྲིན་གྱི་མཐུན་རྐྱེན་ཡག་པོ་ཡོད་པར་བརྟེན། བོད་མིར་འབྲེལ་བ་བྱེད་སའི་དྲྭ་ལམ་ཚང་མ་བོད་ཡིག་འབྲི་ས་རུ་བསྒྱུར་ཐུབ་པས། ང་ཚོ་གྲོང་ཁྱེར་དུ་ཡོད་པའི་ཕ་མ་ཚོས་བོད་ལུགས་ལྟར་འཚོ་བ་བསྐྱལ་ཏེ་རང་ཁྱིམ་ནས་དུས་རྒྱུན་དུ་བོད་སྐད་ཡིག་བཀོལ་སྤྱོད་བྱེད་པར་འབད་ནས་བུ་ཕྲུག་ལ་བག་ཆགས་ཡག་པོ་ཞིག་འཇོག་དགོས་སོ།། 

ང་ཚོས་ནམ་རྒྱུན་བོད་མི་རིགས་ནི་ཕྱི་དངོས་པོའི་ལོངས་སྤྱོད་ལས་ནང་སེམས་ཀྱི་ལོང་སྤྱོད་གལ་ཆེ་བར་འཛིན་མཁན་གྱི་མི་རིགས་ཤིག་ཡིན་ཞེས་བརྗོད་ཀྱི་ཡོད་པ་ལྟར། ང་ཚོས་བོད་མི་རིགས་ཐུན་མོང་གི་ཚེ་སྲོག་ཏུ་གྱུར་བའི་བོད་སྐད་རྒྱུན་འཛིན་བྱེད་པར་བརྩོན་པ་བསྐྱེད་དགོས་མོད། ཅི་བཤད་ལ་མ་ཉན། ཅི་བྱེད་ལ་ལྟོས་ཟེར་བ་ལྟར། དེང་རབས་ཀྱི་གྲོང་ཁྱེར་དུ་འཚོ་བ་སྐྱེལ་བཞིན་པའི་བོད་པ་མང་པོས་སྐད་ཡིག་གཞན་ལ་དོན་གཉེར་བྱེད་སྟངས་དང་བོད་སྐད་ལ་སྣང་ཆུང་བྱེད་ལུགས་ལ་བལྟས་ན། ང་ཚོ་ནི་ཕྱི་དངོས་པོའི་ལོངས་སྤྱོད་གཙོ་བོར་འཛིན་མཁན་གྱི་མི་རིགས་ཤིག་ཡིན་པ་མཐོང་གི་འདུག ཕ་མ་མང་པོས་བུ་ཕྲུག་ལ་བོད་སྐད་བོད་ཡིག་སློབ་པ་ལས་ཁང་བ་ཆེན་པོ་དང་རླངས་འཁོར་རྫིག་པོ་ཉོ་བ་གཙོ་བོར་འཛིན་གྱི་ཡོད་པ་དེ་ཡང་ཕྱིའི་དངོས་པོ་གཙིགས་ཆེན་བྱེད་པའི་མི་རིགས་ཤིག་རེད་ཅེས་བརྗོད་མི་ཆོག་པ་ཅི་ཡོད། ཡང་གྲོང་ཁྱེར་དུ་བཞུགས་པའི་བོད་པ་མང་པོས་ནང་ཆོས་ནི་བྱམས་བརྩེའི་ཆོས་ལུགས་ཤིག་ཡིན་པར་བརྗོད་དེ་ངོམ་སོ་བྱེད་པའི་གོམས་གཤིས་ཤིག་ཡོད་པ་རེད་དེ། བྱམས་བརྩེའི་ཆོས་ལུགས་ཀྱི་རྟེན་གཞི་བོད་སྐད་ཡིན་པ་དང་། དེ་རྒྱུན་འཛིན་བྱེད་དགོས་པ་དེ་འདྲའི་གལ་ཆེན་དུ་བརྩི་བཞིན་མེད།དེ་ལ་ཨ་རིའི་དངོས་ཁམས་རིག་པ་བ་རེ་ཆར་ཊི་ཧྥེན་མན་(Richard Feynman) ཞུ་བས་རང་མགོ་རང་གིས་མི་གཡོག་པ་ནི་རྩ་དོན་དང་པོ་ཡིན་པ་དང་། རང་ཉིད་ནི་ཆེས་མགོ་གཡོག་སླ་བའི་མི་དེ་ཡིན་ཞེས་སྡོམ་ཚིག་བཀོད་ཡོད། དེ་ནས་ཡང་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་པ་ཞིག་གིས་བོད་མི་རིགས་ནི་འབུ་མེ་ལྕེབས་ལྟ་བུ་ཞིག་ཡིན་པ་དང་། ང་ཚོ་འོད་སྣང་ལ་དགའ་བ་མ་གཏོགས། འོད་སྣང་ལོངས་སྤྱོད་ཤེས་པའི་མི་རིགས་ཤིག་མ་རེད་ཅེས་སྡོམ་ཚིག་བཀོད་ཡོད། དེ་ལྟར་ན་ང་ཚོ་དེང་རབས་ཀྱི་གྲོང་ཁྱེར་ཁག་ཏུ་འཚོ་གནས་བྱེད་བཞིན་པའི་བོད་པའི་ཕ་མ་ཚོས་རང་ཉིད་ལ་དབང་བའི་ཁྱིམ་ཚང་གི་ཁོར་ཡུག་དེ་བོད་སྐད་ཡིག་བཀོད་སྤྱོད་བྱེད་ས་རུ་ངེས་པར་བསྒྱུར་དགོས་པར་འདོད་དོ།།

 

 

Topic: གྲོང་ཁྱེར་གྱི་འཚོ་བའི་ཁྲོད་དུ་བོད་སྐད་ཡིག་རྒྱུད་འཛིན་བྱེད་མི་ཐུབ་པ་ནི་བདེན་པ་མིན།

No comments found.

New comment

Contact

Administrator 416-453-9887 admin@wildyaks.com