ཆུང་མར་མངལ་སྦྲུམ་པའི་དུས་སྐབས་ཀྱི་ཁྱོ་གའི་འགན་འཁྲ

མི་གཉིས་གཅིག་སེམས་གཅིག་ལ་འདྲིས་ཏེ་གཉེན་སྒྲིག་གི་དམ་བཅའ་བཞག་པའི་ཉིན་དེ་ནས་བཟུང་སྐྱིད་སྡུག་ཉམས་མྱོང་གི་མི་ཚེ་སྐྱེལ་འགོ་བཙུགས་པ་ཡིན། ཆུང་མའི་ལུས་ལ་མངལ་སྦྲུམ་སྟེ་བུ་ཕྲུག་གི་ཕ་མ་རུ་འགྱུར་གཏན་འཁེལ་བ་དེ་ནི་མི་གཉིས་ཀྱི་གཉེན་སྒྲིག་གི་དམ་བཅའ་ཚད་མཐོ་རུ་བཏང་བ་དང་། མི་དེ་གཉིས་ཀྱི་བརྩེ་དུང་ཇེ་ཟབ་དང་ཇེ་བརྟན་དུ་སོང་པའི་རྟགས་མཚན་ཞིག་ཀྱང་ཡིན། ལྷག་པར་དུ་ཁྱོ་ཤུག་གཉིས་ལ་མཚོན་ན་མི་ཚེའི་ཁྲོད་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་རེད། ཆུང་མའི་ལུས་ལ་མངལ་སྦྲུམ་པ་ནས་བཟུང་ཁྱོ་ཤུག་གཉིས་ཀྱི་འགན་འཁྲི་སྔར་ལས་ཆེ་རུ་སོང་བ་དང་། ཆུང་མས་བུ་ཕྲུག་གི་ཆེད་དུ་དཀའ་ངལ་ལ་གདོང་ལེན་བྱེད་འགོ་བཙུགས་པ་ཡིན། ཁྱོ་ག་ལ་མཚོན་ནའང་། ཕ་ཞིག་གི་འོས་འགན་ཕྲུག་ཏུ་ལེན་པའི་བྱ་བ་བཟང་བོ་ཞིག་འགོ་འཛུགས་བྱས་པ་ཡིན་ཞིང་། ཆུང་མའི་ལུས་སེམས་ལ་བདག་གཅེས་ཇི་ལྟར་བྱེད་ཐུབ་པ་ཡིན་ན། དེ་ཚོད་ཀྱིས་ཆུང་མའི་མངལ་དུ་གནས་པའི་ཕྲུ་གུའི་བདེ་ཐང་དང་འཚར་ལོངས་ལ་ཕན་ཐོགས་ཆེན་པོ་ཡོད་པར་བཤད་དོ།   

 

བུད་མེད་ཀྱི་ལུས་ལ་མངལ་སྦྲུམ་པ་ནས་གཟའ་འཁོར་ཁ་ཤས་ཀྱི་རྗེས་སུ་ཟླ་མཚན་མི་འབབ་པ་དང་སེམས་ཁམས་ལ་འགྱུར་ལྡོག་འགྲོ་སླ་བ། གཅིན་པ་གཏོང་རྒྱུ་མང་བ་དང་ཟ་མའི་དགའ་ཕྱོགས་འགྱུར་བ། ཞོགས་པ་མགོ་གཟེར་རྒྱག་པ་དང་ཞེ་མེར་ལངས་པ། ནུ་མ་ལ་ན་ཟུག་སྐྱེ་བ་དང་སྐྱུག་མེར་ལངས་པ། ལུས་པོ་ཐང་ཆད་པ་ལ་སོགས་པའི་རྟགས་མཚན་ཡོད་པར་བཤད་པས། ཁྱོ་གས་དེ་དག་ཧ་གོ་བར་བྱས་ཏེ་ཁོ་མོར་བསམ་ཤེས་དང་རོགས་རམ་བྱེད་དགོས། ཡིན་ནའང་། བུད་མེད་ལ་མངལ་སྦྲུམ་པའི་རྟགས་མཚན་མི་ཚང་མར་གཅིག་མཚུངས་མིན་པས། ཁྱོ་གའི་འོས་འགན་དང་པོ་ནི་ཆུང་མར་མངལ་སྦྲུམ་པའི་སྐབས་སུ་རང་ཉིད་ཀྱི་གོམས་གཤིས་དང་ཀུན་སྤྱོད་ལ་རྟོག་ཞིབ་ལེགས་པར་བྱས་ཏེ་བསྒྱུར་བཅོས་གཏོང་དགོས་ཤིང་། ཆུང་མ་དང་སྐྱིད་སྡུག་ཉམས་མྱོང་བྱེད་པར་གྲ་སྒྲིག་བྱེད་དགོས་པ་ཡིན། གལ་སྲིད་ཁྱོ་གས་རང་ཉིད་ཀྱི་ཀུན་སྤྱོད་ལ་བདག་གཅེས་མ་བྱས་པར་ཚོར་བ་རྒྱ་ཡན་དུ་བཏང་བ་ཡིན་ན། ཁོས་ཆུང་མའི་སེམས་ཁམས་མི་འདོད་བཞིན་དུ་དཀྲུགས་ཏེ་མ་བུ་གཉིས་ཀྱི་ལུས་སེམས་ལ་གནོན་ཤུགས་ཐེབས་པ་དང་གནོད་སྐྱེལ་བ་ཡིན།  དེ་ན་ཁྱོ་གས་དུས་རྒྱུན་དུ་རང་ཉིད་ཀྱི་གོམས་གཤིས་མི་ལེགས་པ་རྣམས་ལ་མཉམ་བཞག་སྟེ་ཆུང་མ་དང་ཁོ་མོའི་མངལ་དུ་གནས་པའི་ཕྲུ་གུའི་ལུས་སེམས་ཀྱི་བདེ་ཐང་ལ་འགན་ཁུར་དགོས། ང་ཚོ་བོད་པའི་སྐྱེས་པ་མང་པོར་ཕོ་དབང་ལམ་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཏེ་རང་ཤེད་ཚ་བོ་དང་སྒེར་སེམས་ཆེན་པོ་ཡིན། དེར་བརྟེན་གཉེན་སྒྲིག་ཟིན་པའི་སྐྱེས་པ་མང་པོ་བུད་མེད་གཞན་ལ་འགྲོགས་པ་དང་། སྨད་འཚོང་མ་བསྟེན་པ་སོགས་བྱས་ཏེ་མངལ་སྦྲུམ་པའི་ཆུང་མའི་སེམས་ལ་སྡུག་བསྔལ་ཚད་མེད་བཟོས་དང་བཟོ་བཞིན་ཡོད། དེ་ནི་མགོ་ནང་ལ་བསྡད་དེ་མིག་ནང་ལ་ཐལ་བ་བྱུགས་ཞེས་པའི་གཏམ་དཔེ་དེ་ལས་མ་འདས་ཤིང་། ཆུང་མར་དེ་ལས་ལྷག་པའི་དམའ་འབེབས་བྱེད་སྟངས་ཤིག་དང་དེ་ལས་ལྷག་པའི་སྡུག་ལ་སྦྱོར་སྟངས་ཤིག་མེད། དེས་ན་ཁྱོ་གས་འཕྲལ་ཕུགས་གཉིས་ཀྱི་བདེ་སྐྱིད་ལ་བསམ་གཞིགས་བཏང་སྟེ་རང་ཉིད་ཀྱི་ཞན་ཆར་བཅོས་བསྒྱུར་གཏོང་དགོས་ཤིང་། ཆུང་མ་ལ་ཚིག་རྩུབ་དང་སྐྱོན་བརྗོད། ལེ་འདེད་དང་འཁེང་ར། སྡུག་ཡུས་དང་དམོད་མོ་སོགས་མི་བྱེད་པར། ཁོ་མོའི་དཀའ་སྡུག་དང་བློས་བཏང་། ཆོད་སེམས་དང་སྙིང་སྟོབས་སོགས་ལ་བཀའ་དྲིན་བསམ་ཤེས་བྱེད་དགོས་པ་ཡིན། གནད་དོན་གཞན་ཞིག་ནི་ཆུང་མར་མངལ་སྦྲུམ་པའི་སྐབས་སུ་ཁྱོ་གས་ཁོ་མོའི་ཁོར་ཡུག་ནས་ཆང་འཐུང་བ་དང་ཐ་མ་འཐེན་པ། རྫས་ངན་གྱིས་ལྷད་པའི་བཟའ་བཏུང་ལ་ལོངས་སུ་སྤྱོད་པ་ལ་སོགས་པའི་གོམས་གཤིས་ངན་པ་རྣམས་ངེས་པར་དུ་བསྒྱུར་དགོས། གལ་སྲིད་ཁྱོ་གས་གནད་དོན་འདིའི་སྐོར་ལ་སྤང་དོར་བྱེད་མ་ཐུབ་པར་སྣང་ཆུང་བཏང་བ་ཡིན་ན། མ་འོངས་པར་དབང་བོ་སྐྱོན་ཅན་དང་བདེ་ཐང་མེད་པའི་བྱིས་པ་བཙའ་བ་ལ་སོགས་པའི་མཇུག་འབྲས་ངན་པ་ཡོད་སྲིད་པས་གཟབ་དགོས་སོ།།  

 

དེང་རབས་ཀྱི་བྱིས་སྐྱོང་སློབ་གསོ་བ་ཚོས་ཁྱོ་ག་ལ་མངལ་སྦྲུམ་པའི་ནུས་པ་མེད་ཀྱང་། མངལ་སྦྲུམ་པའི་ཆུང་མར་བྱམས་སྐྱོང་བྱེད་པའི་ནུས་པ་ཡོད་དགོས་ཞེས་བརྗོད་ཀྱི་ཡོད། ཆུང་མའི་ལུས་ལ་མངལ་སྦྲུམ་ཡོད་པའི་སྐབས་སུ་ཁྱོ་གའི་བྱམས་སྐྱོང་དང་རོགས་རམ་ནི་མེད་དུ་མི་རུང་བ་ཡིན། གནའ་དེང་གི་སྨན་པ་དང་སེམས་ཁམས་སློབ་གསོ་བ་ཚོ་ལྟར་ན་བུད་མེད་ཀྱི་ལུས་ལ་མངལ་སྦྲུམ་ཡོད་པའི་སྐབས་སུ་ཁོ་མོའི་སེམས་ཁམས་ནི་འགྱུར་ལྡོག་ཆེ་བའི་རང་བཞིན་ཅན་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། སེམས་རྣལ་དུ་མི་གནས་པ་དང་དགའ་སྐྱོ་ཆགས་སྡང་དང་འབྲེལ་བའི་སེམས་ཚོར་སྣ་ཚོགས་སྐྱེ་སླ་ཞིང་སེམས་ཁམས་འཁྲུགས་སླ་བར་བཤད། ཡིན་ནའང་། དེ་ནི་རྒྱུན་ལྡན་གྱི་སྦྲུམ་མའི་འགྱུར་ལྡོག་ཅིག་ཡིན་པ་ལས་ཡ་མཚན་པའི་གནད་དོན་གང་ཡང་མིན་པར་བཤད་ཅིང་། ཁྱོ་ག་གཙོས་པའི་ཁོར་ཡུག་གི་མི་ཚོས་ཁོ་མོར་བསམ་ཤེས་བྱས་ཏེ་ངག་འཇམ་པོའི་སྒོ་ནས་སྐད་ཆ་ཡག་པོ་བཤད་དེ་སེམས་ཤུགས་སྤར་དགོས་པར་བཤད། ཆུང་མ་མངལ་སྦྲུམ་པའི་སྐབས་སུ་ཉལ་ས་མི་བདེ་བ་དང་གཉིད་མི་ཁུག་པའི་གནད་དོན་འབྱུང་ངེས་པས། སྐབས་དེར་ཁྱོ་ག་མལ་དུ་གཉིད་ནས་མི་སྡོད་པར། ཁོ་མོར་ཤ་ཚ་བ་དང་ངག་འཇམ་པོའི་སྒོ་ནས་སེམས་གསོ་བྱེད་དགོས་པ་དང་། ཁོ་མོར་མོས་པ་ཡོད་ན། ལག་འཇམ་པའི་ཁོ་མོའི་མགོ་དང་ལུས་ཕུང་ཚང་མར་འཕུར་མཉེད་བཏང་ན་སེམས་ཁམས་ལྷོད་ལ་གནས་པར་ཕན་ཐོགས་ཡོད། དེ་བཞིན་དུ་ཁོ་མོ་དང་ལྷན་དུ་སྐྱབས་འགྲོ་དང་མ་ཎི་འདོན་པ། སྒྲུང་བཤད་པ་དང་རོལ་མོ་ལ་ཉན་པ། ཆོས་གསུང་བའི་སྒྲ་ལ་ཉན་པ་དང་དགོད་བྲོ་བའི་གློག་བརྙན་ལ་ལྟ་བ་སོགས་བྱས་ཏེ་ཁོ་མོའི་སེམས་ཁམས་ལྷོད་ལ་འབབ་ཏུ་བཅུགས་ཏེ་ངལ་གསོ་རུ་འཇུག་དགོས། ཆུང་མའི་སེམས་ཁམས་ཀྱི་འགྱུར་ལྡོག་ལ་བརྩི་དཀུར་གྱིས་བདག་གཅེས་བྱེད་པ་ནི་ཁྱོ་གའི་འོས་འགན་ཡིན་པར་བརྟེན། ཁྱོ་གས་ཆུང་མར་ཁ་རྩོད་མི་རྒྱག་པར་ཁོ་མོས་བཤད་པའི་སྐད་ཆ་ལ་བློ་སྒྲིམ་ནས་ཉན་དགོས། དེ་ལྟར་བྱས་ན་ཁོ་མོའི་སེམས་ལྷོད་ལ་འབབ་ཅིང་བློ་བདེ་བ་དང་། ཁོ་མོའི་མངལ་དུ་གནས་པའི་ཕྲུ་གུའི་འཚར་ལོངས་ལ་བཟང་བར་བཤད་དོ།།  

 

ཆུང་མའི་ལུས་ལ་མངལ་སྦྲུམ་ཡོད་པའི་སྐབས་སུ་མ་བུ་གཉིས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་པའི་འགན་ཁུར་ཁྱོ་ཤུག་གཉིས་ལ་འདྲ་མཚུངས་སུ་ཡོད་ཅིང་། ཁྱོ་གས་བསམ་པ་རྣམ་དག་གིས་ཁོ་མོར་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས། ཆུང་མའི་མངལ་གྱི་ཕྲུ་གུ་དེ་ནི་ཆུང་མ་གཅིག་པོའི་བུ་ཕྲུག་མ་ཡིན་པར་ཁྱོ་གའི་བུ་ཕྲུག་ཀྱང་ཡིན། ཁྱོ་ག་ནི་བུ་ཕྲུག་གི་ཨ་ཕ་དང་ཆུང་མ་ནི་བུ་ཕྲུག་གི་ཨ་མ་ཡིན། ཁྱོ་གས་ཆུང་མ་ལ་ག་ཚོད་ཀྱིས་བསམ་ཤེས་བྱེད་ཐུབ་པ་ཡིན་ན། དེ་ཚོད་ཀྱིས་ཁོ་མོའི་མངལ་དུ་གནས་པའི་བུ་ཕྲུག་གི་འཚར་ལོངས་ལ་ཕན་ཐོགས་ཡོད་པ་དང་། ཁྱིམ་ཚང་གི་མ་འོངས་པའི་བདེ་སྐྱིད་ཉག་ཅིག་ཡིན། སྤྱིར་ཁྱིམ་ཚང་གི་བདེ་སྐྱིད་ནི་ལྟོས་གྲུབ་ཀྱི་བདེ་སྐྱིད་ཅིག་ཡིན། དེས་ན་ཆུང་མའི་མངལ་དུ་ཕྲུ་གུ་ཆེ་རུ་སོང་དུས་ཁོ་མོས་ནང་ལས་མང་པོ་བྱེད་མི་ཐུབ་པས། མེ་གཏོང་བ་དང་ཆུ་ལེན་པ། ཟ་མ་བཟོ་བ་དང་གྱོན་པ་བཀྲུ་བ་ལ་སོགས་པའི་དཀའ་ཚེགས་ཆེ་བའི་ལས་ཀ་རྣམས་ཁྱོ་གས་བསྒྲུབ་དགོས་ཤིང་། ཆུང་མའི་བདེ་ཐང་ལ་འཕྲོད་པའི་བཟའ་བཏུང་གི་རིགས་གྲ་སྒྲིག་བྱེད་དགོས། ཆུང་མའི་མངལ་ལྕི་རུ་སོང་སྟེ་ཁོ་མོའི་ལུས་ལ་འགྱུར་ལྡོག་འགྲོ་བའི་སྐབས་སུ་སྨན་ཁང་དུ་ཁྲིད་དེ་སྨན་པའི་ངག་བཀོད་ལྟར་ཆུང་མའི་ལུས་སེམས་ལ་བདག་གཅེས་བྱེད་རྒྱུ་གལ་ཆེ། ཁྱད་པར་དུ་ཕྲུ་གུ་བཙའ་ལ་ཉེ་བའི་སྐབས་སུ་མ་བུ་གཉིས་ཀྱི་སྲོག་འགོ་ཐོན་པའི་ཆེད་དུ་ཆུང་མ་སྨན་ཁང་དུ་ཁྲིད་དེ་ཕྲུ་གུ་སྨན་ཁང་ནས་སྐྱེ་རུ་འཇུག་དགོས། ཕྲུ་གུ་བཙའ་བའི་དཀའ་ངལ་ཁྲོད་དུ་ཨ་མ་གྲོངས་པའི་གནས་ཚུལ་ཤིན་ཏུ་མང་། ཆུང་མ་དང་ཁོ་མོའི་མངལ་གྱི་ཕྲུ་གུ་གཉིས་ཀྱི་བདེ་ཐང་ཕན་ཚུན་གཅིག་ལ་གཅིག་འབྲེལ་དུ་གྲུབ་ཡོད་པ་ཤེས་རྟོགས་གསལ་བོ་ཡོད་པའི་སྟེང་ནས་ཁྱོ་གས་ཆུང་མ་ལ་སྐྱིད་སྡུག་མཉམ་མྱོང་བྱེད་དགོས་སོ།།  

 

མདོར་ན་ཆུང་མའི་མངལ་དུ་ཡོད་པའི་ཕྲུ་གུ་དེ་ནི་ཁོ་མོ་གཅིག་པོའི་བུ་ཕྲུག་མ་ཡིན་པར་ཁྱོ་གའི་བུ་ཕྲུག་ཀྱང་ཡིན། དེ་ལྟར་ན་ཁྱོ་གས་ཁོ་མོའི་མངལ་དུ་གནས་པའི་བུ་ཕྲུག་གི་ལུས་སེམས་ཀྱི་བདེ་ཐང་དང་འཚར་ལོངས་ཀྱི་ཐད་ནས་ཁོ་མོ་དང་གཅིག་མཚུངས་སུ་འགན་ཁུར་དགོས། ཁྱོ་ཤུག་ཐུན་མོང་གིས་འབད་བརྩོན་ལ་བརྟེན་ཏེ་ཆུང་མ་དང་ཁོ་མོའི་མངལ་དུ་གནས་པའི་བུ་ཕྲུག་གི་ལུས་སེམས་ལ་བདག་གཅེས་བྱེད་ཐུབ་པ་ཡིན། ཆུང་མའི་ལུས་ལ་མངལ་སྦྲུམ་པའི་དུས་སྐབས་ནི་ཁྱོ་ཤུག་གཉིས་ཀྱིས་སྐྱིད་སྡུག་ཉམས་མྱོང་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཡིན། བུད་མེད་ལ་མངལ་སྦྲུམ་པའི་སྐབས་སུ་ཁོ་མོའི་ལུས་སེམས་གཉིས་ལ་འགྱུར་ལྡོག་ཧ་ཅང་མང་པོ་འགྲོ་བར་བཤད་པས། ཁོ་མོར་ཁྱོ་གའི་རོགས་རམ་དང་རྒྱབ་སྐྱོར་མཁོ་བ་ཡིན། དེས་ན་ཁྱོ་གས་སྣང་ཆུང་མི་བྱེད་པར་ནམ་རྒྱུན་དྲན་ཤེས་བསྟེན་ཏེ་ཆུང་མའི་ལུས་སེམས་ཀྱི་འགྱུར་ལྡོག་ལ་དོ་ཁུར་བྱེད་དགོས་ཤིང་། ཁོ་མོར་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན། རང་ཉིད་ཀྱི་གཙོས་པའི་ཁྱིམ་མི་ཚང་མའི་མ་འོངས་པའི་བདེ་སྐྱིད་ཡིན་པར་སེམས་སོ།།

 

Topic: ཆུང་མར་མངལ་སྦྲུམ་པའི་དུས་སྐབས་ཀྱི་ཁྱོ་གའི་འགན་འཁྲ

No comments found.

New comment

Contact

Administrator 416-453-9887 admin@wildyaks.com