དཔེ་ཆ་ནི་ཤེས་ཡོན་གྱི་འབྱུང་ཁུངས་ཡིན།

དཔེ་ཆ་ནི་ཤེས་ཡོན་གྱི་འབྱུང་ཁུངས་ཡིན།

བྱིས་སེམས་ཤོག་བུ་དཀར་པོ་ལ། རི་མོ་གང་འབྲི་ཕ་མའི་ལག་ཅེས་གསུངས་པ་ལྟར། ཕྲུ་གུའི་སེམས་ཁམས་སུ་འདུ་ཤེས་ཀྱི་རི་མོ་ག་འདྲ་ཞིག་འབྲི་མིན་དང་། གོམས་གཤིས་ཀྱི་བག་ཆགས་ཇི་འདྲ་ཞིག་འཇོག་མིན་དེ་ཕ་མ་གཉིས་ལ་ཐུག་ཡོད། དེ་ན་བུ་ཕྲུག་ཚད་ལྡན་ཞིག་གསོ་སྐྱོང་བྱེད་པའི་གོ་རིམ་ཁྲོད་དུ་ཅ་ལག་མང་བོ་ཞིག་ཡོད་པའི་ཁྲོད་ནས།དཔེ་ཆ་ནི་ཆེས་མེད་དུ་མི་རུང་བའི་ཅ་ལག་དེ་ཡིན་པ་ཤེས་དགོས་ཤིང་། ཕ་མས་བུ་བུ་ཕྲུག་ལ་དཔེ་ཀློག་གི་གོམས་གཤིས་དང་དཔེ་ཆའི་མཐུན་རྐྱེན་བསྐྲུན་དགོས།བྱིས་པ་འཇིག་རྟེན་དུ་ཐོན་དུས་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་གསར་བ་ཡིན་ཟེར་བ་ལྟར། བུ་ཕྲུག་གི་མདུན་ལམ་འོད་སྟོང་ལྡན་པ་ཞིག་ཡོང་བར་འདོད་ན་ཕ་མས་དེབ་ཆ་སྣ་ཚོགས་ཀྱི་ཁྲོད་དུ་བུ་ཕྲུག་གསོ་སྐྱོང་བྱེད་དགོས་ཤིང་། བུ་ཕྲུག་མངལ་གནས་ཀྱི་སྐབས་ནས་བཟུང་ཕྲུ་གུའི་སེམས་ལ་དཔེ་ཀློག་གི་བག་ཆགས་བཞག་སྟེ་མ་འོངས་པར་བུ་ཕྲུག་གི་འཚོ་བའི་ཁྲོད་དུ་དཔེ་ཆ་ནི་ཆེས་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཏུ་འགྱུར་ཐབས་ལ་བརྩོན་དགོས་པ་ཡིན་ནོ།།

 

ཨ་རིའི་བུད་མེད་སློབ་གསོ་བ་དང་རྩོམ་པ་པོ་མ་ཨས་ལིན་ཁྱཱ་ཟི་(May Ellen Chase) ཞུ་བ་ཁོང་གིས་དཔེ་ཆ་ཇི་འདྲ་ཞིག་ཡིན་ཡང་བྱིས་པའི་རྒྱུད་ལ་དཔེ་ཀློག་གི་གོམས་གཤིས་སྐྱེད་སྲིང་བྱེད་པའི་ནུས་པ་ཡོད་ཅེས་གསུངས་པ་ལྟར། ཕ་མས་དཔེ་ཆ་སྣ་ཚོགས་ཀློག་འདོན་བྱས་ཏེ་དཔེ་ཆ་ནི་བུ་ཕྲུག་གི་འཚོ་བའི་རྒྱུན་མཁོ་རུ་འགྱུར་ཐུབ་པ་བྱེད་དགོས།འོན་ཀྱང་། བོད་ཡིག་སྟེང་དུ་བྱིས་དེབ་རྣམ་གྲངས་མང་བོ་དང་གྲངས་འབོར་ཆེན་པོ་ཞིག་མེད། དེ་ན་ང་ཚོས་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་མིག་ལྟོས་བྱས་ཏེ་བོད་ཡིག་སྟེང་དུ་བྱིས་དེབ་སྣ་ཚོགས་གསར་རྩོམ་དང་དཔར་བསྐྲུན་བྱས་ཏེ་བྱིས་དེབ་ཀྱི་རྣམ་གྲངས་ཇེ་མང་དུ་གཏོང་དགོས། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་ནས་བདག་ཉིད་བདག་གི་མགོན་ཡིན་གསུངས་པ་ལྟར། ང་ཚོས་གཞན་ཞིག་ལ་རེ་ལྟོས་བྱས་ཏེ་སྡོད་རྒྱུ་མ་ཡིན་པར། རང་ཉིད་ཀྱི་རྐང་བའི་ཐོག་ཏུ་རང་ཉིད་ལངས་ཏེ་རང་དོན་རང་གིས་བསྒྲུབ་དགོས་པའི་དུས་བབས་ཡོད་པ་ཤེས་དགོས། དེ་ན་སྤྱི་ཚོགས་ཀྱི་རིམ་པ་སོ་སོ་ན་གནས་པའི་བོད་མི་མང་པོའི་ནུས་པ་མཉམ་སྤོངས་ཀྱིས་ལས་ཀ་མཉམ་བསྒྲུབ་བྱས་པ་ཡིན་ན་བོད་ཡིག་གི་བྱིས་དེབ་མང་བོ་མེད་པའི་དཀའ་ངལ་དེ་སེལ་ཐུབ། ས་སྐྱ་ལེགས་བཤད་ལས། མང་བོ་གཅིག་ཏུ་བློ་མཐུན་ན། ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ་ཅེས་གསུངས་ཡོད།དཔེ་ཆ་ནི་ཤེས་ཡོན་གྱི་འབྱུང་ཁུངས་ཡིན་ཟེར་བ་ལྟར། བོད་ཡིག་གི་བྱིས་དེབ་ཀྱི་རྣམ་གྲངས་ཇེ་མང་དུ་གཏོང་ཐབས་ལ་འབད་དགོས། ཨ་རིའི་བུ་མེད་རྩོམ་པ་པོ་གྲགས་ཅན་དང་མི་རིགས་ནག་པོའི་ཐོབ་ཐང་འཐབ་རྩོད་པ་མཱ་ཡ་ཨན་ཇི་ལོ། (Maya Angelou) མཆོག་གིས་བྱིས་དུས་ཀྱི་འཚོ་བའི་ཁྲོད་དུ་ཆེས་རིན་ཐང་ཆེའི་དངོས་པོ་དེ་དཔེ་ཆ་ཡིན་ཞིང་། དཔེ་ཆའི་ཚབ་མཚོན་ཅི་གང་གིས་ཀྱང་བྱེད་མི་ཐུབ། དཔེ་ཆ་ལས་ལྷག་པའི་གྲོགས་པོ་ཡག་པོ་ཞིག་དང་། དཔེ་ཀློག་ལས་ལྷག་པའི་སློབ་གསོ་མྱོང་ཐབས་ཡག་པོ་ཞིག་མེད་ཅེས་གསུངས་ཡོད།

 

ཕ་མ་ནི་བུ་ཕྲུག་གི་དགེ་རྒན་ཐོག་མ་དང་བྱིས་པའི་སེམས་ཁམས་ཀྱི་བཟོ་སྐྲུན་པ་རེད་ཅེས་ཟེར་སྲོལ་ཡོད་པ་ལྟར། བུ་ཕྲུག་གི་དགེ་རྒན་ཡག་པོ་ཞིག་དང་བཟོ་སྐྲུན་པ་ཚད་ལྡན་གྱི་ཕ་མ་ཞིག་བྱེད་འདོད་ན་དཔེ་ཆ་ཉོ་བ་དང་དཔེ་ཀློག་ལ་འཇུག་པའི་གོམས་གཤིས་ངེས་པར་དུ་ཡོད་དགོས་པ་ཡིན། འོན་ཀྱང་། བོད་ཕྱི་ནང་གི་བོད་པའི་ཕ་མ་མང་པོ་ལ་བོད་ཡིག་གི་བྱིས་དེབ་ཉོ་བ་དང་ཀློག་པའི་གོམས་གཤིས་ཡག་པོ་ཞིག་ད་དུང་ཆགས་མེད་པའི་སྣང་ཚུལ་ཞིག་ཡོད། ལྷག་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ན་བཞུགས་པའི་བོད་པའི་ཕ་མ་མང་ཤོས་ལ་བོད་ཡིག་གི་བྱིས་དེབ་ཉོ་བའི་གོམས་གཤིས་རྩ་བ་ནས་མེད་པའི་སྣང་ཚུལ་ཡོད།་སྣང་ཚུལ་འདི་མི་བཅུ་ཕྲག་གཅིག་ལྷག་ལ་བྱིས་སྐྱོང་སློབ་གསོར་ཞུགས་ཏེ་ལས་ཀ་བྱས་པའི་ཉམས་མྱོང་ལས་བྱུང་བ་ཞིག་ཡིན་པའི་དཔེ་མཚོན་ཧ་ཅང་མང་བོ་འཇོག་རྒྱུ་ཡོད་དེ་། དཔེ་མཚོན་གཅིག་བཞག་ན། ཕྱི་ལོ་༢༠༡༩ ལོའི་ཟླ་བ་༡༢ པའི་ཚེས་༡༠ ཉིན་བྱིས་སྒྲུང་གླིང་ཞེས་པའི་དང་བླངས་ཚོགས་པ་ཞིག་གིས། སྟོན་པའི་མཛད་རྣམ་བྱིས་པའི་བློ་འབྱེད་ཅེས་པའི་རི་མོ་ཚད་ལྡན་བྲིས་ཡོད་པའི་བྱིས་དེབ་ཅིག་དཔར་བསྐྲུན་བྱས་ཏེ། ཁ་ན་ཊའི་གྲོང་ཁྱེར་ཀྲོ་རན་ཀྲོར་རྟེན་གཞི་བྱས་པའི་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དུ། ཁེ་བསྲང་མེད་པར་དཔེ་ཆ་བཙོང་སྐབས།གངས་ལྗོངས་ཆོས་ལྡན་གླིང་གིས་ཀྱང་ཁོང་ཚོར་དམིགས་བསལ་གནང་སྟེ་དཔེ་ཆ་བཙོང་སའི་ས་ཆ་གཡར་གླ་ཁ་སྒོར་བརྒྱ་ལྷག་ལས་མ་བླངས་པར་ཚོགས་ཁང་ནང་ནས་དཔེ་ཆ་བཙོང་དུ་བཅུགས་ཏེ།ས་གནས་ཕ་མ་ཚོར་བོད་ཡིག་གི་དཔེ་ཆ་ཉོ་བའི་གོ་སྐབས་སྤྲད་མོད།ཉིན་དེར་ཞི་བདེའི་གཟིངས་རྟགས་ཀྱི་དུས་ཆེན་ཡིན་པར་བརྟེན་བོད་མི་གཅིག་སྟོང་ལྷག་འཛོམས་ཡོད།ཡིན་ནའང་། བོད་མི་དེ་དག་གི་ཁྲོད་ནས་ཕ་མ་༢༦ མ་གཏོགས་སྟོན་པའི་མཛད་རྣམ་གྱི་དཔེ་ཆ་དེ་ཉོ་མཁན་མ་བྱུང་། མི་རིགས་ཀྱི་སྲོག་རྒྱུན་དེ་མི་རིགས་ཀྱི་རིག་གཞུང་ལ་ངོས་འཛིན་མཁན་ཞིག་ཡིན་ན། དེ་ནི་ཧ་ཅང་ཡིད་སྐྱོ་བ་དང་འཇིགས་སུ་རུང་བའི་གནས་སྟངས་ཤིག་ཡིན། ཕ་མ་ལ་དཔེ་ཆ་ཉོ་བའི་གོམས་གཤིས་མེད་ན་བུ་ཕྲུག་དཔེ་ཀློག་བྱེད་པའི་གོམས་གཤིས་ཇི་ལྟར་ཡོད། ཕ་མས་བུ་ཕྲུག་ལ་དཔེ་ཆ་མ་ཉོས་ན་བུ་ཕྲུག་དཔེ་ཀློག་ལ་འཇུག་པའི་ལམ་ཁ་བཀག་པ་ཡིན། དེ་བཞིན་དུ་ཕ་མ་ལ་བོད་ཡིག་གི་བྱིས་དེབ་ཉོ་བའི་གོམས་གཤིས་མེད་ན་བུ་ཕྲུག་གི་སེམས་ཁམས་སུ་བོད་སྐད་ཡིག་ལ་དགའ་བའི་འདུ་ཤེས་ཇི་ལྟར་འཇོག བོད་པའི་རིག་གནས་ཀྱི་སེམས་ཁམས་ཡོད་པའི་བུ་ཕྲུག་སྐྱེད་སྲིང་ཇི་ལྟར་བྱེད། དེ་བས་ཕ་མས་བོད་ཡིག་གི་དཔེ་ཆ་ཉོས་ཏེ་བུ་ཕྲུག་ལ་མིག་དཔེ་ཡག་པོ་སྟོན། དེ་ལྟར་བྱས་ན་བུ་ཕྲུག་གིས་ཕ་མ་ལ་ལད་ཟློས་བྱས་ཏེ་བོད་ཡིག་གི་དཔེ་ཆ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་འགྱུར་བ་ཡིན།



བྱིས་པར་དཔེ་ཆ་ཉོ་བའི་སྐབས་སུ་བྱིས་པའི་དགའ་མོས་ལ་ཆ་རྒྱུས་ཡོད་པའི་སྟེང་ནས་དཔེ་ཆ་ཉོ་དགོས་པ་ཡིན། གལ་སྲིད་བྱིས་པའི་དགའ་མོས་ལ་ཆ་རྒྱུས་ཡོད་པའི་སྟེང་ནས་དཔེ་ཆ་ཉོས་ན་བྱིས་པའི་དོ་སྣང་འདྲེན་ཐུབ་པ་དང་། བྱིས་པའི་སེམས་པ་དཔེ་ཆའི་ནང་དུ་འཛུལ་ཏེ་རིག་པ་སྒྲིམ་ཐུབ།ཡིན་ནའང་བྱིས་པ་རེ་རེ་ལ་ཁམས་དང་མོས་པ་མི་འདྲ་བ་རེ་ཡོད་པ་དང་། བྱིས་པའི་ལོ་ཚོད་ལ་གཞིགས་པའི་ཀློག་རྩལ་དང་ཤེས་ཚད་ཀྱང་མི་འདྲ་བས། ཕ་མས་བྱིས་དེབ་ཀྱི་བརྗོད་སྙིང་དང་བརྗོད་ཚིག་ལ་ཞིབ་འཇུག་བྱེད་དགོས། རྗོད་ཚིག་གུས་ལུགས་དང་ལྡན་ཞིང་བརྗོད་སྙིང་ཡ་རབས་བཟང་སྤྱོད་དང་མཐུན་པ་ཞིག་ཡིན་དགོས། ལྷག་པར་དུ་བོད་རང་གི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་གི་སྙིང་བཅུད་གཞི་རྩར་བཞག་པའི་དེང་རབས་ཀྱི་སློབ་གསོའི་བྱེད་ཐབས་དང་ལྡན་པ་ཞིག་ཡིན་ན་ཤིན་ཏུ་བཟང་། ཨ་རིའི་བུད་མེད་སློབ་གསོ་བ་མ་ཨས་ལིན་ཁྱཱ་ཟི་(May Ellen Chase) མཆོག་གིས་དཔེ་ཆ་ཇི་འདྲ་ཞིག་ཡིན་ཡང་བྱིས་པའི་རྒྱུད་ལ་དཔེ་ཀློག་གི་གོམས་གཤིས་བསྐྱེད་སྲིང་བྱེད་པའི་ནུས་པ་ཡོད་ཅེས་གསུངས་ཡོད།བུ་ཕྲུག་གི་ལོ་ཚད་དང་བུ་ཕྲུག་གི་འདོད་མོས་ལ་གཞིགས་པའི་དཔེ་ཆ་སོགས་ཉོས་པ་ཡིན་ན་བུ་ཕྲུག་དཔེ་ཀློག་ལ་འཇུག་པའི་ཐད་ནས་ཁྱད་པར་ཡོད་པ་རེད། དཔེ་ཆ་ནི་ཤེས་ཡོན་གྱི་འབྱུང་ཁུངས་དང་། ཤེས་ཡོན་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་གསུངས་པ་ལྟར། ཕ་མས་བུ་ཕྲུག་དཔེ་ཆའི་ཁྲོད་ནས་གསོ་སྐྱོང་བྱས་ཏེ།བུ་ཕྲུག་ཆུང་དུས་ནས་ཤེས་ཡོན་གྱི་ཕྱོགས་སུ་ལམ་འཇུག་བྱེད་དགོས། བུ་ཕྲུག་ཡ་རབས་ཤིག་སྐྱེད་སྲིང་བྱེད་འདོད་ཡོད་པའི་ཕ་མ་ཞིག་ཡིན་ན། དྲག་སྤྱོད་མང་བའི་བྱིས་དེབ་མང་བོ་ཉོ་མི་ཉན་པར་སེམས། དྲག་སྤྱོད་མང་བའི་བྱིས་དེབ་ཀྱིས་དགེ་སྡུག་སྤངས་བླངས་བྱེད་མི་ཤེས་པ་དང་གསོད་གཏུབ་ལ་དགའ་བའི་བག་ཆགས་ངན་པ་ཞིག་བྱིས་པའི་སེམས་ལ་འཇོག་སྲིད་པས་དེར་གཟབ་དགོས་སོ།

དཔེ་ཀློག་གི་ཕན་ནུས་ཀྱི་ཕྱོགས་ནས་བཤད་ན་བརྗོད་ལས་འདས་པ་ཞིག་ཡིན་པར་བཤད། དཔེ་ཀློག་གིས་རིག་པའི་སྒོ་བརྒྱ་འབྱེད་པར་བཤད་པས། བུ་ཕྲུག་གི་རྒྱུད་ལ་དཔེ་ཀློག་གི་གོམས་ཡག་པོ་ཞིག་འཇགས་དགོས་པ་ཡིན་ཞིང་། དཔེ་ཀློག་གི་ཁྲོད་དུ་བུ་ཕྲུག་གིས་འཇིག་རྟེན་སྟེང་གི་ཡུལ་ཁམས་སྣ་ཚོགས་ལ་འགྲུལ་བཞེད་བྱེད་ཐུབ་ཅིང་། གནའ་རབས་དང་དེང་རབས་ཀྱི་རིག་གནས་སྣ་མང་ལ་རོལ་མྱོང་བྱེད་ཐུབ་པ་ཡིན། དཔེ་ཀློག་ནི་སློབ་གསོའི་གར་སྟེགས་སུ་འཛེག་པའི་ཐེམ་སྐས་ཤིག་དང་། རྩོམ་རིག་གི་ཞིང་ཁམས་ལ་འཇུག་པའི་སྒོ་ཆེན་ཞིག་དང་མཚུངས་པར་བཤད་པས། བུ་ཕྲུག་གི་མ་འོངས་བདེ་སྐྱིད་ཀྱི་ཆེད་དུ་དཔེ་ཆ་མང་བོ་ཉོས་ཏེ་ཀློག་འདོན་བྱེད་དུ་འཇུག་དགོས། བྱིས་པ་ཞིག་ལ་མཚོན་ན། དཔེ་ཀློག་གི་བར་གསེང་ནས་མིང་ཚིག་སྟོང་ཕྲག་མང་བོ་སྦྱོང་ཐུབ་ཅིང་།ཚིག་གྲུབ་ཡིད་དུ་འོངས་པ་མང་བོ་སེམས་ངོར་འཇགས་པ་ཡིན། དཔེ་ཀློག་གིས་བྱིས་པའི་སྒྲུང་གཏམ་བཤད་པ་དང་འབྲི་བའི་ནུས་པ་བསྐྱེད་སྲིང་བྱེད་ཐུབ་ཅིང་།བསམ་གཞིགས་ཀྱི་ནུས་པ་བསྐྱེད་སྲིང་བྱེད་ཐུབ་པ་ཡིན། དཔེ་ཀློག་གིས་བྱིས་སེམས་ལ་འཆར་སྣང་མང་བོ་བསྐྲུན་ཏེ་འཆར་སྒོ་ཇེ་ཆེར་བཏང་ནས།བྱིས་པའི་གསར་གཏོད་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་ཐུབ་པར་བཤད། དེ་ན་བོད་པའི་ཕ་མ་ཚོས་བུ་ཕྲུག་ལ་དཔེ་ཀློག་གི་གོམས་གཤིས་སུ་འཇགས་སུ་བཅུག་སྟེ་བྱིས་པའི་མི་ཚེར་ཤེས་རབ་ཀྱི་འོད་སྣང་སྩོལ་དགོས། མ་མཐའ་ཡང་དཔེ་ཀློག་ལ་གོམས་པའི་མི་དེས་དབུལ་ཕོངས་ཀྱི་སྡུག་བསྔལ་མྱོང་མི་དགོས་ཤིང་ཁེར་རྐྱང་གི་འཚོ་བ་སྐྱེལ་མི་དགོས་པར་བཤད་པས། ང་ཚོས་ངེས་པར་དུ་སྒང་བ་བོད་པ་ཚང་གི་གཅེས་ཕྲུག་ཚོའི་རྒྱུད་ལའང་དཔེ་ཀློག་གི་གོམས་གཤིས་རྒྱུན་འབྱམས་སུ་འགྲོ་བའི་བྱེད་ཐབས་སྣ་ཚོགས་བསྟེན་དགོས་པ་ནིཧ་ཅང་གལ་ཆེ་བར་སེམས་སོ།།

 

མདོར་ན་བུ་ཕྲུག་གི་སེམས་ཁམས་སུ་དཔེ་ཀློག་གི་འདུ་ཤེས་ཡག་པོ་ཞིག་འཇོག་ཐུབ་མིན་དེ་ཕ་མས་འགན་ཁུར་སྟངས་དང་ཤུགས་རྒྱག་སྟངས་ལ་ཐུག་ཡོད། ཕ་མས་བུ་ཕྲུག་གི་སེམས་ཁམས་སུ་དཔེ་ཀློག་གི་འདུ་ཤེས་ཡག་པོ་ཞིག་འཇོག་འདོད་ཡོད་པ་ན། བུ་ཕྲུག་བཙས་མ་ཐག་ནས་བཟུང་བུ་ཕྲུག་གི་ཁོར་ཡུག་ནས་དཔེ་ཆ་ཀློག་འདོན་བྱས་ཏེ། དཔེ་ཆ་ནི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རིན་ཐང་ཅན་གྱི་ཅ་ལག་ཅིག་ཡིན་པ་བུ་ཕྲུག་ལ་ཉམས་སུ་མྱོང་དུ་འཇུག་དགོས།དེ་ལྟར་འབད་པ་བྱས་ན་བུ་ཕྲུག་གི་འཚོ་བའི་ཁྲོད་དུ་དཔེ་ཆ་ནི་ཆེས་བློས་ཐུབ་ཀྱི་གྲོགས་པོ་དེར་འགྱུར་ཞིང་བུ་ཕྲུག་གི་མདུན་ལམ་ལ་འོད་སྟོང་འཕྲོ་ཐུབ་པར་འདོད་དོ།།

 
ཕྱི་ལོ་༢༠༢༠ལོའི་ཟླ་བ་༩་བའི་ཚེས་༢༦ཉིན་གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས།

Topic: དཔེ་ཆ་ནི་ཤེས་ཡོན་གྱི་འབྱུང་ཁུངས་ཡིན།

No comments found.

New comment

Contact

Administrator 416-453-9887 admin@wildyaks.com