དོན་གཅོད་ལ་སྙན་ཞུ།

༄།། དཔལ་ལྡན་རང་གཞུང་སྐུ་ངོ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་དབུ་ཁྲིད་རྣམ་པའི་ཞབས་དྲུང་དུ།

 

                             ཆེད་གསོལ།

 

༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་འབྱོར་བྱུང་བའི་དགོངས་གཞི་གཅིག་ནི། བོད་ཀྱི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་པ་ཐུགས་ལ་བཅངས་ནས། འཕྲལ་མར་དགོན་སྡེ་དང་སློབ་གྲྭ་སོགས་གསར་འཛུགས་ཀྱི་བཀའ་དྲིན་བསྐྱངས་ཡོད། ད་ལྟ་བོད་ཀྱི་སྐད་ཡིག་རིག་གནས་བཅས་བརྒྱུད་འཛིན་དང་དར་སྤེལ་གྱི་ལས་གཞིར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། རྨད་དུ་བྱུང་བའི་ཁོང་གི་ཐུགས་རེ་དང་འབད་པ་བརྒྱ་འགྱུར་ལས་བྱུང་བའི་གྲུབ་འབྲས་འབའ་ཞིག་གོ། 

 

ཡིན་ནའང་། ཉེ་བའི་མི་ལོ་༢༠ལྷག་གི་ནང་དུ་བཙན་བྱོལ་བོད་མི་འབོར་ཆེན་བྱང་ཨ་རི་སོགས་སུ་གནས་སྤོ་བྱེད་ཚད་ནི་ལོ་རེ་ནས་ལོ་རེར་འཕེལ་ཞིང་འཕར་བཞིན་པར་མ་ཟད། རིམ་འབྱོར་བྱུང་བའི་བོད་པ་དག་ཀྱང་ས་གནས་རང་རང་གི་མི་རིགས་མང་པོའི་ཁྲོད་དུ་མཚོ་ལ་ཁ་བ་བབས་པ་བཞིན་འཐིམ་ཞིང་ཡལ་བཞིན་པའི་སྣང་ཚུལ་འཇིགས་སུ་རུང་བ་ཞིག་བྱུང་དང་འབྱུང་བཞིན་མཆིས།

 

ད་ལྟ་ཆེས་ཛ་དྲག་ཏུ་འགྱུར་བཞིན་བའི་དཀའ་ངལ་དང་ཉེན་ཁ་ཞིག་ནི། བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་བའི་སྐད་ཡིག་ཉམས་ཆག་ཏུ་རྦད་དེ་འགྲོ་བཞིན་པ་དེ་རེད།  ད་ལྟ་བྱང་ཨ་རིར་འཚོ་སྡོད་བྱེད་བཞིན་པའི་བོད་རིགས་ན་གཞོན་མང་པོའི་ངག་ནས་བོད་སྐད་མི་ཤེས་པ་དང་། ཕྱག་ནས་བོད་ཡིག་མི་འཁྱོངས་པའི་གནས་སྟངས་ཆེས་ཛ་དྲག་ཏུ་ཡོད། དེ་མིན་ཕྱི་རྒྱལ་དུ་འཚར་བཞིན་པའི་བོད་རིགས་ན་གཞོན་མང་པོས་བོད་སྐད་ཡིག་ཕར་ཞོག ཐ་ན་བླ་རུ་བཀུར་བའི་བོད་ཀྱི་གཤིས་ཀ་ཡང་ཉམས་ཚར་བའི་གནས་སྟངས་སྐྱི་གཡའ་བ་འབྱུང་མུས་སུ་ཡོད་པས། ད་ལྟར་མཚོན་ན་བོད་སྐད་ཡིག་རྒྱུན་འཛིན་གྱི་བྱེད་ཐབས་ལ་འབད་དགོས་པའི་དུས་ནི་འཕྱི་མེད་ན་སྔ་མེད་པ་ཤིན་ཏུ་གསལ། ད་ལྟ་ནས་ཀྱང་མི་རིགས་རང་གི་འདུ་ཤེས་རྩ་ནས་མེད་པའི་རྟགས་མཚན་ཡིད་སྐྱོ་བ་མང་དུ་འབྱུང་བཞིན་འདུག་པས། སྐུ་ངོ་དོན་མཆོག་གཙོས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་དབུ་ཁྲིད་རྣམ་པས། གཤམ་གྱི་རེ་འདུན་དོན་ཚན་ཁག་ལ་ལེགས་བཅོས་གང་ཐུབ་གནང་སྐྱོང་ཡོང་བའི་སྐྱབས་འཇུག་ཞུ། 

 

 

༡ བོད་ཀྱི་སྐད་ཡིག་རིག་གནས་དང་ཡུལ་གོམས་གཤིས་ལུགས་སྲུང་སྐྱོབ་དང་རྒྱུད་འཛིན་གྱི་ཆེད་དུ་བཙུགས་པའི་བྱང་ཨ་རིའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ནང་དུ་དབྱིན་ཡིག་བཀོལ་སྤྱོད་བྱེད་པ་རྒྱུགས་ཆེ་བ་དང་བོད་ཡིག་ལ་དེ་ཙམ་དོ་སྣང་མི་སྤྲོད་པའི་གོམས་སྲོལ་ངན་པ་ཞིག་ཁྱབ་བཞིན་འདུག་པར་བསྒྱུར་བཅོས་གཏང་རྒྱུ།

 

༢ བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ས་གནས་བོད་ཀྱི་སྤྱི་ཚོགས་དང་འབྲེལ་བའི་བཀོད་ཁྱབ་དང་གསལ་བསྒྲགས་བོད་ཡིག་ཁོ་ནའི་སྟེང་སྤེལ་མ་ཐུབ་ནའང་ངེས་པར་དབྱིན་བོད་ཤན་སྦྱར་དུ་སྤེལ་རྒྱུ།

 

༣ བོད་རིགས་ཁེ་གཙང་གི་ཚོགས་འདུ་སོགས་སུ་ཕྱི་སྐད་བཤད་པའི་གོམས་གཤིས་རྒྱུན་འཇགས་སུ་འགྲོ་བཞིན་པ་བསྒྱུར་རྒྱུ།

 

༤ བྱང་ཨ་རིའི་གཟའ་མཇུག་བོད་ཡིག་སློབ་གྲྭ་འཛིན་སྐྱོང་བྱེད་མཁན་དེ་བོད་སྐད་ཡིག་རིག་གནས་ལ་མཁས་པ་ཞིག་དང་། རྒྱུན་འཛིན་དང་སྲུང་སྐྱོབ་ལ་བྱེད་ཐབས་ཡོད་པ། ཆོད་སེམས་བརྟན་པོའི་ཤ་ཚ་དང་ལྷག་བསམ་ཡོད་པ་ཞིག་དགོས་རྒྱུ།  

 

༥ སློབ་མ་ཡག་པོ་ཞིག་གསོ་སྐྱོང་བྱེད་པ་ལ་ཆེས་གལ་ཆེ་བ་ལྷག་བསམ་དང་ཤེས་ཡོན་ཀྱི་བྱེད་ཐབས་འཛོམས་པའི་དགེ་རྒན་ཡིན། དེས་ན་བྱང་ཨ་རིའི་ནང་གི་བོད་ཀྱི་བྱིས་པ་རྣམས་བོད་རིགས་རྣལ་མ་ཞིག་ཏུ་འགྱུར་བའི་མཐུན་རྐྱེན་དུ་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་འོས་འཚམས་ཀྱི་གླ་ཆ་ཡག་པོ་སྤྲད་དེ། དགེ་རྒན་ལེགས་པོ་བདམས་ཐོན་འབྱུང་བའི་ཐབས་སུ་གཞོལ་རྒྱུ།

 

༦ དགེ་རྒན་རྣམས་ཀྱི་སློབ་ཁྲིད་གྲ་སྒྲིག་དང་། ཁྲིད་ཐབས་ཁྱད་པར་བ། འཛིན་ཁང་དོ་དམ། ཁྱིམ་བདག་མཉམ་དུ་བྱིས་པར་རོགས་རམ་བྱེད་ཐབས་སོགས་ལ་ཆེད་མཁས་པ་གདན་དྲངས་ཏེ་དུས་ནས་དུས་སུ་གསབ་སྦྱོང་སྤྲོད་རྒྱུ།

 

༧ འཚོ་བ་དངོས་དང་འབྲེལ་བའི་རྒྱུན་སྤྱོད་ཐ་སྙད་དང་ཚིག་གྲུབ་སྟབས་བདེ་སྟེ། དཔེར་ན། ནང་མིའི་སྐོར། ཁང་བའི་ཕྱི་ནང་གི་སྐོར། སློབ་གྲྭའི་སྐོར། རྩེད་མོའི་སྐོར། ཁྱིམ་སྤྱོད་ཅ་ལག་གི་སྐོར་སོགས་བྱིས་པ་རྣམས་ལ་ཁ་བརྡ་བྱེད་རྒྱུ་དང་། ཤེས་སླ་ལ་བློར་འཛིན་བདེ་བའི་བྱིས་གླུ་ལེན་དུ་འཇུག་རྒྱུ། 

 

༨ གཟའ་མཇུག་སློབ་གྲྭ་རྣམས་ལ་འཛིན་ཁང་གི་དཀའ་ངལ་ཡོད་པ་སེལ་བ་དང་། འཛིན་ཁང་ནང་གི་མཛེས་བཟོ་དང་འཛིན་ཆས་སོགས་བོད་རང་གི་ཁྱད་ཆོས་ཡོད་པ། དགེ་རྒན་རྣམས་ཀྱིས་འཛིན་ཁང་ནང་དུ་བོད་ཆས་གྱོན་པ་དང་བོད་སྐད་བཤད་དེ། བྱིས་པ་ཚོའི་སེམས་ཁམས་སུ་མི་རིགས་རང་གི་བག་ཆགས་བརྟན་པོར་འཇོག་རྒྱུ། 

 

༩ བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་སློབ་མ་རྣམས་ཀྱིས་སློབ་ཡོན་དུ་ཕུལ་བའི་དངུལ་ལས་བོད་

ལུགས་ཀྱི་སྒྲིག་ཆས་གསར་བ་བྱིས་པར་ལོ་རེར་ཐེངས་རེ་ཉོས་ཏེ་སྤྲོད་རྒྱུ།

 

༡༠ བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་བྱིས་པའི་དོ་སྣང་འདྲེན་ཐུབ་པའི་གནའ་དེང་གི་ཀློག་དེབ་གོ་བདེ་ལ་ཀློག་སླ་བ་དག་འཚོལ་བསྡུ་དང་བོད་སྒྱུར་བྱས་ཏེ། དགེ་རྒན་དང་ཕ་མ། བྱིས་པ་ལ་མཐུན་རྐྱེན་བསྐྲུན་རྒྱུ། 

 

༡༡ བྱིས་པ་ཆུང་དུས་ཀྱི་སེམས་ཁམས་ནི་དཀར་གཙང་གི་རས་གཞི་ལྟ་བུ་ཡིན་པས། ཕ་མ་དང་དགེ་རྒན། སློབ་དེབ་སོགས་ནི་བྱིས་པ་ཡག་བཙོག་ཅི་ཞིག་བཟོ་མིན་ལ་རག་ལས་པ་ནི་ཆེད་མཁས་པ་མང་པོས་གསུངས་ན།དང་པོ་ཉིད་ནས་བྱིས་པ་ལ་བོད་སྐད་དང་བོད་གཤིས་ཤིག་ཆགས་པའི་ལམ་དུ་འཁྲིད་རྒྱུ་གལ་ཆེན་དུ་འཛིན་རྒྱུ། 

 

༡༢ བྱིས་པ་ཞིག་གིས་བོད་སྐད་ཤེས་དང་མི་ཤེས་ཀྱི་གནད་དེ་ཕ་མ་གཉིས་ཁོ་ནར་རག་ལས་པ་ཞིག་ཡིན་པ་ལས། གཟའ་མཇུག་སློབ་གྲྭ་ཁོ་ནས་བསྒྱུར་བཅོས་བྱེད་ཐུབ་པ་ཞིག་མིན་པས། ཕ་མ་རྣམས་ལ་བོད་སྐད་ཡིག་རྒྱུན་འཛིན་བྱེད་ཐབས་ཀྱི་གསབ་སྦྱོང་མང་ཙམ་སྤྲད་དེ། བྱང་ཨ་རིའི་བོད་རིགས་བྱིས་པས་བོད་སྐད་བཤད་མི་ཤེས་པའི་གནས་སྟངས་འདིར་བསྒྱུར་བཅོས་ཡོང་ཐབས་བྱེད་རྒྱུ།

 

 

༡༣ བྱང་ཨ་རིའི་ནང་དུ་བོད་སྐད་ཡིག་ཉམས་ཆག་ཏུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་བསྒྱུར་བཅོས་དང་། མ་འོངས་བོད་ཀྱི་བདག་པོ། བོད་རིགས་བྱིས་པ་རྣམས་ཀྱིས་བོད་སྐད་སྨྲ་ཤེས་པ་དང་བོད་ཡིག་འབྲི་ཤེས་པ་ཡོང་བ་ལ། ཚོགས་སྒེར་ཐུན་མོང་གི་ནུས་པ་ཆིག་སྒྲིལ་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ། 

 

གོང་ཞུས་དོན་ཚན་དེ་དག་གི་ནང་དུ་ནོར་བ་དང་འཁྲུལ་བ་གང་ཡོད་ལ་བཟོད་གསོལ་དང་ལྷན་དུ་ཉེན་ཁའི་ཕྱོགས་སུ་སྐྱོད་བཞིན་པའི་བྱང་ཨ་རིའི་བོད་པའི་སྤྱི་ཚོགས་དེ་སྐྱོབ་ཐབས་ཀྱི་ཐབས་ལམ་ཞིག་བཙལ་བ་ཡིན་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པའི་ཐབས་སུ་འགྲོ་བ་དང་། གཞན་ཡང་བོད་དོན་འཐབ་རྩོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་མཐུན་རྐྱེན་དུ་འགྱུར་བའི་རེ་བ་བླ་ལྷག་དང་བཅས་ཏེ། གུས་པ་ཚོས་སྙིམ་པ་མཐོ་བར་བཏེགས་པའོ།

 

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་ནས་སྤྱི་ཟླ ༩ བའི་ཚེས ༡༨ ལ། 

 Www.wildyaks.com

 

 

Contact

Administrator 416-453-9887 admin@wildyaks.com