དྭ་ཕྲུག་དང་ཕ་མ་ཁ་བྲལ་དུ་སོང་བའི་བྱིས་པ་ཚོའི་དཀའ་སྡུག་སྐོར་གྱི་ཟིན་བྲིས།

 

ཨ་ཕ་རྒྱབ་ཀྱི་རི་ཡིན། ཨ་མ་མདུན་གྱི་མཚོ་ཡིན་ཞེས་བཤད་སྲོལ་ཡོད་པ་ལྟར། བྱིས་པའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་ཕ་མའི་བྱམས་སྐྱོང་ནི་ཤིན་ཏུ་གལ་ཆེ། བརྩེ་བ་གང་ལ་ཡོད་ན། བདེ་སྐྱིད་དེ་རུ་ཡོད་ཅེས་པ་ལྟར། ཕ་མའི་བྱམས་སྐྱོང་ནི་བྱིས་པའི་ལུས་སེམས་ཀྱི་ནུས་སྟོབས་གོང་འཕེལ་དུ་འགྲོ་བའི་གཞི་རྟེན་གཙོ་བོ་དེ་ཡིན་ཞིང་། ཕ་མའི་བྱམས་སྐྱོང་འོག་ཏུ་འཚར་ལོངས་བྱུང་བའི་བྱིས་པའི་ལུས་སེམས་ནི་སྐྱོན་མེད་བདེ་ལེགས་སུ་འཕེལ་རྒྱས་སུ་འགྲོ་བར་བཤད། ཡིན་ནའང་དྭ་ཕྲུག་དང་ཕ་མ་ཁ་བྲལ་དུ་སོང་བའི་བུ་ཕྲུག་དག་ལ་ཕ་མ་གཉིས་འཛོམས་ཀྱི་བྱམས་སྐྱོང་གི་འཚོ་བ་དེ་མེད། དེར་བརྟེན་དྭ་ཕྲུག་དང་ཕ་མ་ཁ་བྲལ་དུ་སོང་བའི་བུ་ཕྲུག་གི་ལུས་སེམས་ལ་འཕྲད་པའི་དཀའ་སྡུག་ནི་ཚོད་དཔག་བྱས་ཏེ་བརྗོད་ཐུབ་པ་ཞིག་མིན་པར་བཤད།  བྱིས་དུས་སུ་དྭ་ཕྲུག་དང་ཕ་མ་ཁ་བྲལ་གྱི་འཚོ་བ་བསྐྱལ་མྱོང་མཁན་སྐོར་ཞིག་གིས་བྱིས་སྒྲུང་གླིང་དུ་གླེང་མོལ་བྱས་པའི་གནས་ཚུལ་ལྟར་ན། ཕ་མ་གཉིས་འཛོམས་ཀྱི་བྱིས་པ་དང་ཕ་མ་ཁ་བྲལ་དུ་སོང་བའི་བྱིས་པ། ཕ་མ་མེད་པའི་དྭ་ཕྲུག་ཏུ་ལུས་པའི་བྱིས་པ་ཚོའི་འཚར་ལོངས་ཁྲོད་དུ་འཕྲད་པའི་དཀའ་སྡུག་དང་ཉམས་མྱོང་མི་འདྲའི་ཁྱད་པར་སྐོར་ནས་ཅུང་ཟད་གླེང་རྒྱུ་ཡིན། 

ཕ་མ་ལ་འཆམ་མཐུན་ཡོད་ན། བུ་ཕྲུག་ལ་བདེ་སྐྱིད་ཡོད་ཅེས་པ་ལྟར། ཕ་མ་གཉིས་འཛོམས་ཀྱི་བུ་ཕྲུག་གི་འཚོ་བའི་མཐུན་རྐྱེན་སྐོར་ནས་ཅུང་ཟད་གླེང་ན་བུ་ཕྲུག་ལྟོགས་དུས་ཟས་སྟེར་བ་དང་གྲང་དུས་གོས་གཡོག་པ།  སྐྱོ་དུས་སེམས་གསོ་བྱེད་པ་དང་ན་དུས་སྨན་སྟེར་བ་ལ་སོགས་པ་བྱེད་མཁན་གྱི་ཕ་མ་གཉིས་ཡོད་ཅིང་། དུས་རྒྱུན་དུ་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྐྱོང་བྱེད་ཀྱི་ཡོད། དེར་བརྟེན་བུ་ཕྲུག་གིས་རང་ཉིད་ཀྱི་རྩིས་ཐང་ལ་གུས་བཀུར་བྱེད་ཐུབ་པ་དང་འཇོན་ནུས་ལ་ཡིད་ཆེས་བྱེད་ཐུབ་པ་ཡིན། ཕ་མ་ལ་འཆམ་མཐུན་ཡོད་པའི་བྱིས་པའི་འཇིག་རྟེན་ནི་མཛེས་ཤིང་ཡིད་དུ་འོངས་པ་ཞིག་དང་བདེ་སྐྱིད་དང་དགོད་སྒྲས་ཁེངས་པ་ཞིག་ཡིན་པར་བཤད་ཅིང་། ཕ་མའི་བཀའ་དྲིན་དང་གཅེས་སྐྱོང་ལ་མ་བརྟེན་པར་ཕྲུ་གའི་ལུས་སེམས་ལ་འཚར་ལོངས་འབྱུང་ཐབས་མེད། བྱིས་པ་ལ་མཚོན་ན་དགོས་འདོད་ཀུན་འབྱུང་གི་ནོར་བུ་ཆ་གཅིག་དེ་ཕ་མ་གཉིས་ཡིན་ཞིང་ཕ་མ་གཉིས་ལས་ལྷག་པའི་དྲིན་ཅན་ཞིག་འཇིག་རྟེན་དུ་མེད། དེར་བརྟེན་ཕྲུ་གུའི་རྣ་ལམ་དུ་ཕ་མའི་སྐད་ངག་ནི་སྙན་འཇེབས་ཀྱི་རོལ་མོ་ཞིག་དང་འདྲ་ཞིང་། ཕ་མའི་དགོད་སྒྲ་ནི་ཕྲུ་གུའི་སེམས་ཁམས་གསོ་བའི་བདུད་རྩི་དང་འདྲ། ཕ་མའི་འཛུམ་མདངས་ནི་ཕྲུ་གུའི་མིག་ལམ་གྱི་མེ་ཏོག་ཅིག་དང་མཚུངས་ཤིང་། ཕ་མའི་གོམས་གཤིས་ནི་བུ་ཕྲུག་གི་མི་གཤིས་ཀྱི་འབྱུང་ཁུངས་ངོ་མ་དེ་ཡིན་པར་བཤད། ཕྲུ་གུའི་འཇིག་རྟེན་གྱི་མུན་པ་སེལ་བའི་ཉི་ཟླ་ཆ་གཅིག་ནི་ཕ་མ་གཉིས་ཡིན་ཞིང་། ཕྲུ་གུ་འཇིན་རྟེན་དུ་ཐོན་དུས་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་གསར་བ་ཡིན་པ་དང་ཕྲུ་གུ་ལ་ཆེས་མཁོ་བ་ནི་ཕ་མ་གཉིས་འཛོམས་ཀྱི་འཚོ་བ་ཡིན་པ་ལས། ཕ་མ་ཁ་བྲལ་གྱི་འཚོ་བ་སྐྱུར་མོ་དེ་མིན། བུ་ཕྲུག་གི་དགེ་རྒན་ཐོག་མ་ཕ་མ་ཡིན་ཞེས་པ་ལྟར། ཕ་མས་རང་དཔེ་གཞན་སྟོན་གྱི་ལམ་ནས་བུ་ཕྲུག་ལ་བླང་དོར་ལེགས་ཉེས་ཀྱི་ལམ་སྟོན་བྱེད་ཀྱི་ཡོད་པས། ཚན་རིག་པའི་རང་གཤིས་ལྡན་པའི་བུ་ཕྲུག་གི་སེམས་ཁམས་དེ་གསོ་སྐྱོང་ཡག་པོ་བྱེད་ཐུབ་པ་ཡིན། དྭ་ཕྲུག་དང་ཕ་མ་ཁ་བྲལ་དུ་སོང་བའི་བུ་ཕྲུག་དག་དང་མི་འདྲ་བར་ཕ་མ་གཉིས་འཛོམས་ཀྱི་བུ་ཕྲུག་གི་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་དཀའ་སྡུག་གི་ཉམས་མྱོང་མང་བོ་ཞིག་ལ་གདོང་གཏོད་མི་དགོས་པ་ཡིན། 

བྱིས་པའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་ཆེས་གལ་ཆེ་བ་དེ་ཕ་མ་གཉིས་འཛོམས་ཀྱི་འཚོ་བ་དེ་ཡིན་པར་བཤད་ཅིང་ཕ་མ་ལ་འཆམ་མཐུན་མེད་པའི་སྐབས་སུ་བྱིས་པའི་མ་འོངས་པར་བསམ་བློ་གཏོང་མི་ཐུབ་པར་གཉེན་འཐོར་བྱས་དང་བྱེད་བཞིན་ཡོད།  ཕ་མ་འགའ་རེ་གཉེན་འཐོར་བའི་སྐབས་སུ་ཕན་ཚུན་དགྲ་རུ་གྱུར་ཏེ་བུ་ཕྲུག་གི་མི་ཚེ་གང་བོར་ཤུགས་རྐྱེན་ངན་པ་ཐེབས་པའི་ཡིད་སྐྱོ་བའི་གནས་ཚུལ་ཡོད། ཕ་མ་ཁ་བྲལ་དུ་སོང་བའི་བྱིས་པའི་འཇུག་རྟེན་དེ་བདེ་སྐྱིད་མེད་པའི་མུན་པའི་རང་བཞིན་ཅན་ཞིག་རེད་ཅེས་བརྗོད་མི་ཐུབ་ནའང།  ཕ་མ་ཁ་བྲལ་གྱི་བུ་ཕྲུག་གི་འཚོ་བ་ནི་བར་དོར་གནས་པའི་རྣམ་ཤེས་འཁྱམས་པོ་ཞིག་གིས་སྡུག་བསྔལ་མྱོང་ཚུལ་དང་མཚུངས་པའི་གནས་ཚུལ་བྱིས་སྒྲུང་གླིང་གི་ཕ་མ་རྣམས་ཀྱིས་གསུངས་པ་དཔེ་རུ་དྲངས་ན་འདི་ལྟར།  བྱིས་པ་ཚོས་ཕ་མ་དང་ལྷན་དུ་རྩེད་མོ་རྩེད་བ་དང་ཕ་མ་ལྷན་དུ་གད་མོ་དགོད་པ། ཕ་མ་དང་ལྷན་དུ་ཁ་བརྡ་བྱེད་པ་དང་ཕ་མ་དང་ལྷན་དུ་ཟས་ཟ་བ། ཕ་མ་དང་ལྷན་དུ་དཔེ་མཛོད་ཁང་དང་ཚོང་ཁང་དུ་འགྲོ་བ། ཕ་མ་དང་ལྷན་དུ་རོལ་རྩེད་སྣ་ཚོགས་ལ་འཇུག་པ་དང་ཡུལ་སྐོར་སྦྲོ་འཆམ་ལ་འགྲོ་བ། ཕ་མ་དང་ལྷན་དུ་དཔེ་ཀློག་བྱེད་པ་དང་ཕ་མ་ལྷན་དུ་ནང་སྦྱོང་འབྲི་བ། ཕ་མ་རེས་མོས་ཀྱིས་སློབ་གྲྭར་སྐྱེལ་བ་དང་སློབ་གྲྭ་རུ་ལེན་དུ་ཡོང་བ། བྱིས་པ་ཚོས་ཨ་ཕ་དང་ཨ་མ་ཞེས་བྱིས་པའི་འབོད་སྒྲ་ཐོས་པ་དང་། ཕ་མས་བུ་ཕྲུག་ལ་ངའི་གཅེས་ཕྲུག་ཅེས་འོ་བྱེད་པ་སོགས་མཐོང་དུས་ཕ་མ་ཁ་བྲལ་དུ་སོང་བའི་བྱིས་པ་ཚོའི་སེམས་སུ་ང་ལའང་ཁོ་ཚོ་ལྟར་ཕ་མ་གཉིས་འཛོམས་ཀྱི་འཚོ་བ་དེ་ཡོད་ན་ཅི་རུང་བསམ་པ་དང་། ང་ལ་ཕ་མ་གཉིས་འཛོམས་ཀྱི་བསོད་ནམས་མེད་པའི་ལས་ཅི་ཞིག་བསགས་པ་ཡིན་ནམ་ཞེས་ཁེར་རྐྱང་གི་ཚོར་བ་དང་ཡིད་སེམས་ལ་སྡུག་གི་མུན་པ་འཐིབ་མྱོང་བའི་གནས་ཚུལ་མང་བོ་བཤད་སོང་བ་དང་།ལྷག་པར་ལོ་མཉམ་བྱིས་པ་ཚོས་ཨ་ཕས་བསྐྱུར་བའི་སྤྲང་ཕྲུག་དང་ཨ་མས་གཡུགས་པའི་ཁྱི་ཕྲུག་ཅེས་མཐོང་ཆུང་དང་ཐུབ་ཚོད་བྱེད་དུས་དང་། ཡུལ་མི་ཁྱིམ་མཚེས་ཚོས་ཁེར་འདུག་མའི་བུ་ཕྲུག་ཅེས་བརྙས་བཅོས་དང་དམའ་འབེབས་བྱེད་དུས། ཉམ་ཆུང་འུ་ཐུག་གི་འཚོ་བའི་ཁྲོད་དུ་རོགས་རམ་བྱེད་མཁན་དང་སེམས་གསོ་གཏོང་མཁན་མེད་དུས། མི་ཚོས་སྐད་ཆའི་ཟ་ཟུར་ནས་མིང་འདོགས་མཚང་འདོགས་བྱེད་དུས་སོགས་སུ། སྐྱབས་མེད་མགོན་མེད་དང་གྲོགས་མེད་ཁེར་རྐྱང་གི་སེམས་ཚོར་ལྗི་ཞིང་གཞན་གྱིས་ཚིག་མཚོན་གྱིས་བཟོས་པའི་སྨྲ་ཁ་ལ་སྡུག་བསྔལ་གྱི་ཚ་གཟེར་དེ་མི་ཚེ་གང་བོར་མི་འཇགས་པའི་གནས་ཚུལ་ཡིད་སྐྱོ་བ་མང་བོ་བཤད་རྒྱུ་ཡོད་པར་བརྟེན། ང་ཚོ་བོད་པའི་ཕ་མ་ཚོས་རང་གི་ཤ་ཁྲག་ནས་ཆད་པའི་བུ་ཕྲུག་ལ་ཕ་མ་གཉིས་འཛོམས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་མཁོ་སྤྲོད་བྱེད་དགོས་པ་གལ་ཆེ་ཞིང་། བྱིས་དུས་སུ་དཀའ་སྡུག་དང་མནར་གཅོད་མྱངས་པའི་མི་མང་བོ་སེམས་ཁམས་ནད་པར་གྱུར་དང་འགྱུར་བཞིན་ཡོད་པའི་གནས་་ཚུལ་ཤིན་ཏུ་མང་བ་དང་། ཕ་མ་ཁ་བྲལ་དུ་སོང་བའི་བུ་ཕྲུག་ཚོས་འཚོ་བའི་གོ་རིམ་ཁྲོད་དུ་དཀའ་སྡུག་མང་བོ་ལ་གདོང་གཏོད་དགོས་ཀྱི་ཡོད་པ་རེད།

འཇིག་རྟེན་འདིའི་སྟེང་དུ་ཆ་རྐྱེན་གང་ཡང་མེད་པར་བརྩེ་བ་རྣམ་དག་ཅིག་ཡོད་པ་དེ་ནི་ཕ་མའི་བརྩེ་བ་དེ་ཡིན་ཞིང་ཆེས་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ཡང་ཕ་མ་གཉིས་འཛོམས་ཀྱི་འཚོ་བ་དེ་ཡིན་པར་བཤད། ཡིན་ནའང་ཕ་མའི་བྱམས་སྐྱོང་དང་བྲལ་བའི་དྭ་ཕྲུག་གི་འཇུག་རྟེན་ནི་བདེ་སྐྱིད་མེད་པའི་མུན་པའི་རང་བཞིན་ཅན་ཞིག་ཡིན་པ་དྭ་ཕྲུག་གི་འཚོ་བ་བསྐྱལ་མྱོང་བ་དག་གིས་གསུངས། དཔེར་ན་བྱིས་སྒྲུང་གླིང་དུ་བཞུགས་པའི་བུད་མེད་ཅིག་གིས་ཕ་མ་འཇིག་རྟེན་ནས་ཁ་བྲལ་བའི་རྗེས་སུ་ཁྱིམ་སྟོང་བར་གྱུར་བ་དང་། ཁྱིམ་ལ་འཁོར་འདོད་མེད་པར་ཆགས་སོང་གསུངས་པ་དང་། ཕ་མ་དྲན་པའི་སྐབས་སུ་རི་མགོ་མཐོ་ས་དང་། ས་སྟོང་ལུང་སྟོང་དུ་སོང་སྟེ། སྐད་གསེང་མཐོན་པོས་ཨ་ཕ་དང་ཨ་མ་ཞེས་འབོད་ཀྱི་ཡོད་པ་དང་། ནུབ་མོ་མལ་དུ་ཉལ་དུས་ཕ་མ་དྲན་པའི་སྡུག་བསྔལ་གྱིས་མཚན་གང་བོར་ངུས་ཏེ་མལ་ཆས་བརློན་པར་བཟོས་པ་དང་། རྨི་ལམ་དུ་ཕ་མ་རྨིས་ཤིང་ཞོགས་པར་ཕ་མའི་མིང་ནས་བོས་ཏེ་ངུ་འབོད་བྱས་ཏེ་བསྡད་པའི་གནས་ཚུལ་སོགས་མང་བོ་གསུངས་སོང་། དྭ་ཕྲུག་གི་འཚོ་བ་ནི་ཕ་མ་ཁ་བྲལ་དུ་སོང་བའི་བུ་ཕྲུག་དག་ལས་ཀྱང་ཡ་ང་བ་ཞིག་ཡིན་པ་ནི། ལམ་སྟོན་བྱེད་མཁན་དང་སེམས་ཤུགས་སྤར་མཁན། རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན། ལྟོགས་ན་ཟ་མ་སྤྲོད་མཁན་དང་གྲང་ན་གྱོན་པ་གཡོག་མཁན།  སྡུག་ན་སེམས་གསོ་བྱེད་མཁན་དང་ན་ཚ་བྱུང་ན་སྨན་པ་སྟོན་མཁན། འཚོ་བའི་གཞི་རྟེན་མེད་པ་དང་སློབ་སྦྱོང་གི་གོ་སྐབས་སྤྲོད་མཁན་མེད་པ།  ལྟོ་སྟོང་གོས་ཧྲུལ་གྱི་འཚོ་བ་སྐྱེལ་དགོས་པ་དང་ཤ་ཚ་གྲོས་འདེབས་བྱེད་མཁན་མེད་པ། ཕ་མ་ཟེར་ནས་སེམས་ཀྱི་སྡུག་བསྔལ་བཤད་ས་མེད་པ་ལ་སོགས་པའི་དཀའ་ངལ་སྣ་ཚོགས་ལ་གདོང་གཏོད་དགོས་པར་བརྟེན། ཉལ་སའི་ནང་དུ་རང་གིས་ལག་པས་རང་ཉིད་བསྡམས་ཏེ་གཅིག་བུ་ངུས་ནས་འདུག་པ།  ཕ་མ་གཉིས་འཛོམས་ཀྱི་བྱིས་པ་ཚོས་ཕ་མའི་སྐོར་གླེང་བ་དང་ཕ་མའི་མིང་འདྲི་བ་དང་ཕ་མའི་སྐོར་དྲིས་པའི་སྐབས་སུ་སེམས་ལ་བསྲན་བཟོད་མི་ཐུབ་པའི་ན་ཟུག་ཡོད་པ་སོགས་མང་བོ་གསུངས་པ་དང་། དྭ་ཕྲུག་དང་ཕ་མས་བོར་བའི་བྱིས་པ་ཚོས་ཟ་མ་བཟའ་ས་དང་། ཅ་ལག་ཉོ་ས། ཁ་བརྡ་བྱེད་ས། ཐ་ན་རྩེད་མོ་རྩེ་ས་ལ་སོགས་པ་ནས་ཐུབ་ཚོད་དང་མཐོང་ཆུང་། བརྙས་བཅོས་དང་དམའ་འབེབས། ཚིག་རྩུབ་དང་འཕྱ་དམོད། དབྱེ་འབྱེད་ཀྱི་དཀའ་སྡུག་མང་བོ་ཉམས་སུ་མྱོང་དགོས་པས། ནམ་རྒྱུན་ཞེད་སྣང་དང་འཇིགས་སྣང་། དོགས་སྣང་ལ་སོགས་པའི་སེམས་འཚབ་ཁྲོད་དུ་ཉམ་ཆུང་འུ་ཐུག་ཏུ་གནས་དགོས་པར་བརྟེན། སྐབས་སྐབས་སུ་བྲང་འོག་དང་ལྟེ་འོག་ལ་གཟེར་རྒྱུགས་པ།  སེམས་ཁྲལ་དང་སེམས་གཅོང་གིས་སྙིང་རླུང་སྟོད་དུ་འཚང་བ།  ངོ་ཚ་སྐྱེན་པོ་དང་སེམས་འཚབ་ལངས་སླ་བ། ཡིད་མུག་པ་དང་གཉའ་ཞུམ་པ་ལ་སོགས་པའི་མྱོང་ཚོར་འོག་ཏུ་མཇུག་འབྲས་སྐྱི་གཡའ་བ་མྱངས་བའི་གནས་ཚུལ་མང་བོ་གསུང་རྒྱུ་འདུག་པས།  བྱམས་བརྩེ་དང་ཞི་བའི་མི་རིགས་སུ་འབོད་བའི་བོད་པ་ཚང་གི་རྒན་དར་གཞོན་གསུམ་མཐའ་དག་གིས་དྭ་ཕྲུག་དང་ཕ་མ་ཁ་བྲལ་དུ་སོང་བའི་བུ་ཕྲུག་ཚོས་འཚོ་བའི་གོ་རིམ་ཁྲོད་དུ་དཀའ་སྡུག་མང་བོར་གདོང་གཏོད་དགོས་པ་ལ་བསམ་ཤེས་ཀྱིས་ཁོང་ཚོའི་ལྗང་མྱུག་ལྟ་བུའི་སེམས་པ་སྙི་མོ་ལ་འབུར་འཇོམས་མི་བྱེད་པ་དང་གནོན་ཤུགས་མི་སྤྲོད་པར་སྐྱིད་སྡུག་མཉམ་མྱོང་བྱེད་དགོས་པ་གལ་ཆེ་བར་སྣང་ངོ།།

མཇུག་མཐར་བྱིས་པར་མཁོ་བ་ནི་ཕ་མ་གཉིས་ཀྱི་འཚོ་བ་ཡིན་པ་ལས། ཕ་མས་སྤྲད་པའི་ལེགས་སྐྱེས་མིན་གསུངས་པ་ལྟར། བུ་ཕྲུག་ལ་མཁོ་ནི་ཕ་མ་གཉིས་འཛོམས་ཀྱི་ཁྱིམ་ཚང་སྐྱིད་པོ་ཞིག་ཡིན་པ་ལས། ཕ་མ་ཁ་བྲལ་དང་ཕ་མ་མེད་པའི་དྭ་ཕྲུག་གི་འཚོ་བ་སྐྱུར་མོ་དེ་མིན། དེ་ན་བུ་ཕྲུག་གི་བདེ་སྐྱིད་ལ་དོ་ཁུར་ཆེ་བའི་ཕ་མ་དག་གིས་རང་ཉིད་ཀྱི་བུ་ཕྲུག་གི་འབྱུང་འགྱུར་གྱི་འཚོ་བའི་ཆེད་དུ་ཨ་ཕ་གཉིས་འཛོམས་ཀྱི་ཁྱིམ་གཞི་དྲོན་མོ་ཞིག་བསྐྲུན་དགོས་པ་དེ་ཡིན་ཞིང་། དྭ་ཕྲུག་དང་ཕ་མ་ཁ་བྲལ་གྱི་འཚོ་བ་ཉམས་སུ་མྱོང་མི་དགོས་པའི་ཐབས་ལམ་ལ་དུས་རྟག་ཏུ་འབད་དགོས་པ་ཡིན། གཙོ་བོ་སྤྱི་ཚོགས་ཀྱི་གནས་རིམ་མཐོ་ས་ན་བཞུགས་པའི་མང་ཚོགས་ཀྱིས་གུས་བརྩི་ཆེ་བའི་བླ་མ་དང་། ཤུགས་རྐྱེན་ཡོད་པའི་དཔོན་པོ་དག་གིས་སྣེ་ཁྲིད་དེ་དྭ་ཕྲུག་དང་ཕ་མ་ཁ་བྲལ་དུ་སོང་པའི་བུ་ཕྲུག་གི་དཀའ་སྡུག་སྐོར་ཀྱི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་ཏེ་ཁོ་ཚོར་འཕྲད་པའི་དཀའ་སྡུག་གི་འབྱུང་རྐྱེན་རྣམས་སྔོན་འགོག་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན་སྤྱི་ཚོགས་ཀྱི་གནས་རིམ་སོ་སོ་ན་གནས་པའི་རྒན་དར་གཞོན་གསུམ་ཐམས་ཅད་ལ་སློབ་གསོ་བཟང་ཕྱོགས་ནས་ཐེབས་ཏེ་དྭ་ཕྲུག་དང་ཕ་མ་ཁ་བྲལ་དུ་སོང་པའི་བུ་ཕྲུག་ཚོའི་དཀའ་སྡུག་མང་བོ་མྱོང་མི་དགོས་པར་སེམས་སོ།། 

 

 

Topic: དྭ་ཕྲུག་དང་ཕ་མ་ཁ་བྲལ་དུ་སོང་བའི་བྱིས་པ་ཚོའི་དཀའ་སྡུག་སྐོར་གྱི་ཟིན་བྲིས།

No comments found.

New comment

Contact

Administrator 416-453-9887 admin@wildyaks.com