བརྙན་འཕྲིན་དང་ཁ་པར་ནི་བྱིས་པའི་རྩེད་ཆས་མིན།

བརྙན་འཕྲིན་དང་ཁ་པར་ནི་བྱིས་པའི་རྩེད་ཆས་མིན། 


བརྡ་འཕྲིན་གྱི་དུས་རབས་སུ་འབོད་པའི་དུས་རབས་ཉེར་གཅིག་པ་འདི་ནི་བརྙན་འཕྲིན་དང་གློག་ཀླད། ཁ་པར་ལ་སོགས་པའི་འཕྲུལ་ཆས་སྣ་ཚོགས་དར་བའི་དུས་རབས་ཤིག་ཡིན། རོང་འབྲོག་གཙོས་པའི་བོད་མི་འདུས་སྡོད་བྱེད་སའི་ས་ཁུལ་ཐམས་ཅད་ལ་བརྡ་འཕྲིན་ཧ་ཅང་དར་ཁྱབ་དུ་སོང་ཡོད། དེར་བརྟེན་བོད་པའི་ཕ་མ་མང་པོས་བརྡ་འཕྲིན་གྱིས་བྱིས་པ་ཚོར་ཤུགས་རྐྱེན་ཅི་ཞིག་བཞག་པ་དང་། ཇི་ལྟར་འཇོག་གི་ཡོད་མེད་ཀྱི་སྐོར་ལ་གླེང་སློང་མང་པོ་བྱེད་ཀྱི་ཡོད། བོད་མི་རེ་ཟུང་ཞིག་གིས་དུས་རབས་ཀྱི་རྗེས་ཆོད་པའི་ཆེད་དུ་བརྡ་འཕྲིན་ནི་བྱིས་པ་འཚར་ལོངས་ཁྲོད་དུ་མེད་ཐབས་མེད་པ་ཞིག་ཡིན་པ་ངོས་འཛིན་དང་། ཡང་བོད་མི་རེ་ཟུང་གིས་བྱིས་པ་ཚོར་བརྡ་འཕྲིན་འཕྲུལ་ཆས་བཀོལ་སྤྱོད་བྱེད་དུ་བཅུག་ན་བྱིས་པའི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་གནོད་པ་ཆེན་པོ་ཡོད་པར་བརྗོད་དེ་རྩོད་པ་ཡོང་གིན་ཡོད། དེ་ལྟར་ན་གཤམ་དུ་བརྙན་འཕྲིན་དང་ཁ་པར་ལ་སོགས་པའི་བརྡ་འཕྲིན་འཕྲུལ་ཆས་ཀྱིས་བྱིས་པའི་ལུས་སེམས་ལ་ཤུགས་རྐྱེན་འཇོག་ཚུལ་སྐོར་ནས་རོབ་ཙམ་གླེང་བར་བྱའོ།།

 
ཕྱི་རྒྱལ་བ་ཚོས་ཕན་པའི་བྱ་བ་ཞིག་སྒྲུབ་འདོད་ན་དང་པོ་རང་ཁྱིམ་ནས་འགོ་འཛུགས་བྱེད་དགོས་ཞེས་བརྗོད་པ་ལྟར། བུ་ཕྲུག་ལ་ཕན་ཐོགས་པའི་མིག་ལྟོས་ཡག་པོ་ཞིག་འཇོག་པར་འདོད་ན། དང་པོ་བུ་ཕྲུག་གི་ཁོར་ཡུག་ནས་བརྙན་འཕྲིན་དང་ཁ་པར་ལ་སོགས་པའི་བརྡ་འཕྲིན་བཀོལ་སྤྱོད་ཚད་ལས་བརྒལ་བ་བྱེད་མི་ཉན་པ་ཤེས་དགོས། ལྷག་པར་དུ་རླངས་འཁོར་སྐོར་ཞོར་དང་ལམ་ཁར་འགྲོ་ཞོར། ཟ་མ་ཟ་ཞོར་དུ་བརྡ་འཕྲིན་བཀོལ་སྤྱོད་བྱས་ན། བུ་ཕྲུག་ལ་མིག་ལྟོས་ངན་པ་འཇོག་པས་གཟབ་དགོས། གལ་སྲིད་བརྡ་འཕྲིན་བཀོལ་སྤྱོད་བྱེད་རྒྱུ་མང་དྲགས་པ་ཡིན་ན་མཇུག་འབྲས་ངན་པ་ཡོད་པའི་གནས་ཚུལ་ཤེས་རྟོགས་ཡོད་པའི་སྒོ་ནས་བུ་ཕྲུག་ལ་འགྲེལ་བཤད་བྱེད་དགོས། ཨ་རིའི་བྱིས་ནད་གསོ་ཐབས་ཀྱི་གཙུག་ལག་སློབ་ཆེན་ཞིག་གིས་སྤེལ་བའི་གནས་ཚུལ་ལྟར་ན་ལོ་གཉིས་མན་གྱི་བྱིས་པ་ཚོར་བརྙན་འཕྲིན་ལ་ལྟ་རུ་འཇུག་མི་ཉན་པའི་ལམ་སྟོན་གནང་འདུག བརྙན་འཕྲིན་དང་གློག་ཀླད། ཁ་པར་ལ་སོགས་པ་བྱིས་པས་བཀོལ་སྤྱོད་བྱེད་རྒྱུ་མང་དྲགས་པ་ཡིན་ན། བྱིས་པའི་སེམས་ཁམས་ཀྱི་འཕེལ་འགྱུར་དང་རིག་སྟོབས་རྒྱས་པར་གནོད་ཚབས་ཆེ་བའི་གནས་ཚུལ་གསུངས་འདུག བརྡ་འཕྲིན་རྒྱུན་བཀོལ་བྱེད་པར་གོམས་པའི་བྱིས་པ་ཞིག་ཡིན་ན། རིག་པ་ཡུན་རིང་བོར་སྒྲིམ་མི་ཐུབ་པའི་དཀའ་ངལ་ཡོད་པ་དང་། བརྗོད་བྱ་གཅིག་གི་སྟེང་དུ་བློ་རྩེ་གཅིག་ཏུ་གནས་མི་ཐུབ་པའི་གནད་དོན་འབྱུང་སྲིད་པར་བཤད། གལ་སྲིད་ཀླད་པའི་ནུས་པ་བཀོལ་སྤྱོད་བྱེད་པའི་ཚབ་ཏུ་བརྡ་འཕྲིན་ཤུགས་ཆེན་པོ་བཀོལ་བའི་གོམས་གཤིས་ཆགས་པ་ཡིན་ན། བརྡ་འཕྲིན་ནི་མིའི་ཀླད་པའི་ནུས་པ་ཡར་རྒྱས་གཏོང་བའི་བཀག་རྡོ་ལྟ་བུར་འགྱུར་སྲིད་པ་དང་། བརྡ་འཕྲིན་ལ་མི་བརྟེན་པར་བྱ་བ་སྒྲུབ་མི་ཐུབ་པའི་དཀའ་ངལ་འཕྲད་སྲིད་པར་བཤད། སྤྱི་ལོ་༢༠༢༠ ལོའི ཟླ་བ་༡ པོའི ཚེས་༢༢ ཉིན་ཨ་རིའི་ནིག་ཡོག་དུས་བབ་གསར་ཁང་གིས་སྤེལ་བའི་གསར་འགྱུར་ལྟར་ན། ཁ་པར་ལ་སོགས་པའི་བརྡ་འཕྲིན་ཤུགས་ཆེན་པོ་བཀོལ་མཁན་རྣམས་ནི་མི་གཞན་དང་བསྡུར་ན་བདེ་ཐང་ཞན་པ་དང་བདེ་སྐྱིད་མེད་པའི་གནས་ཚུལ་སྤེལ་འདུག ཡང་ཨ་རིའི་སྨན་ཁང་གྲགས་ཅན་མེའོ་ཁཱི་ལེ་ནེ་ཁུ་(Mayo Clinic) ཞེས་འབོད་པ་དེས་སྤྱི་ལོ་༢༠༡༩་ལོའི་ཟླ་བ་༤་བའི་ནང་དུ་སྤེལ་བའི་གནས་ཚུལ་ཞིག་ཏུ། བརྡ་འཕྲིན་བེད་སྤྱོད་གཏོང་རྒྱུ་མང་དྲགས་པའི་ན་གཞོན་ཚོར་ཡིད་ཞུམ་པའི་ན་ཚ་དང་ཁེར་རྐྱང་གི་ཚོར་བ།  མཚེར་ནད་སོགས་ཡོད་པར་བཤད་པ་དང་ན་ཚ་དེ་དག་གི་རྐྱེན་གྱིས་སེམས་ཁམས་སྤྱིར་བཏང་མ་ཡིན་པའི་མིའི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཐ་ན་རང་སྲོག་གཅོད་མཁན་ཡང་ཡོང་གི་ཡོད་པའི་གནས་ཚུལ་བསྒྲགས་འདུག བརྡ་འཕྲིན་གྱིས་བྱིས་པའི་སློབ་སྦྱོང་དང་དཔེ་ཀློག ནང་སྦྱོང་བྱེད་པའི་དུས་ཚོད་ལ་འགོག་རྐྱེན་བཟོས་ཏེ་བྱིས་པའི་ཀླད་པའི་འགྱུར་རྡོག་ལ་ཤུགས་རྐྱེན་ངན་པ་འཇོག་གི་ཡོད་པར་བཤད། དེ་བཞིན་དུ་བརྙན་འཕྲིན་དང་ཁ་པར་ལ་ལྟ་ཡུན་རིང་ན། ཀླད་རྩལ་དང་ལུས་རྩལ་སྦྱོང་བའི་དུས་ཚོད་གལ་ཆེན་དག་ཤོར་ཞིང་། མིག་ཤེས་དང་དྲན་ཤེས་མི་གསལ་བར་འགྱུར། ལུས་རྒྱགས་པ་ཆགས་ཏེ་སྙིང་གི་འཕར་ལྡིང་དང་ཁྲག་ཤུགས་ཀྱི་མཐོ་དམན་རྒྱུན་ལྡན་མ་ཡིན་པར་འགྱུར་བ་ལ་སོགས་པའི་བདེ་ཐང་དང་འཕྲོད་བསྟེན་ལ་གནོད་པའི་མཇུག་འབྲས་ངན་པ་མང་པོ་ཡོད་པར་བཤད། དེ་ལྟར་ན་ཕ་མ་གཉིས་ཀྱིས་བརྙན་འཕྲིན་དང་གློག་ཀླད། ཁ་པར་སོགས་ལ་སྟངས་འཛིན་ནན་མོ་བྱས་ཏེ་བུ་ཕྲུག་ལ་ཤུགས་རྐྱེན་ངན་པ་ཐེབས་སུ་མི་འཇུག་པར་འགན་འཁུར་དགོས་སོ།།


ལོ་འགའི་སྔོན་དུ་མི་ཞིག་གིས་གཏམ་རྒྱུད་འདི་འདྲ་ཞིག་བཤད་མྱོང་། ཁྱིམ་ཚང་ཞིག་ལ་ལོ་ལྔ་དྲུག་ལ་སོན་པའི་བྱིས་པ་གཉིས་ཡོད་པ་དང་། བྱིས་པ་དེ་གཉིས་ཀྱི་ཕ་རྒན་གྲོངས་རྗེས་མ་རྒན་གྱིས་བུ་ཕྲུག་གཉིས་ཨ་ཞང་ཚང་དུ་བསྐྱུར་ཏེ་ཡང་བསྐྱར་གནས་ལ་སོང་བར་གྲགས། ཨ་ཞང་གིས་བྱིས་པ་གཉིས་ལ་དུས་་རྒྱུན་དུ་བརྙན་འཕྲིན་ལ་ལྟ་རུ་བཅུག་སྟེ་དོ་སྣང་མ་བྱས། དེར་བརྟེན་བྱིས་པ་གཉིས་ཀྱིས་རྒྱ་སྐད་མ་གཏོགས་བོད་སྐད་བཤད་མི་ཤེས་པའི་གནས་ཚུལ་བཤད་རྒྱུ་འདུག གནས་ཚུལ་འདི་ནི་དངོས་སུ་བྱུང་བའི་སྒྲུང་ཞིག་ཡིན། བརྙན་འཕྲིན་དང་ཁ་པར་ལ་སོགས་པའི་བརྡ་འཕྲིན་གྱིས་བྱིས་པར་ཤུགས་རྐྱེན་ཇི་ལྟར་འཇོག་བཞིན་ཡོད་པའི་དཔང་རྟགས་དང་དཔེ་མཚོན་ཞིག་ཅི་ལ་མིན། སྔོན་ཆད་ཅིག་ལ་བྱིས་པའི་སློབ་གསོ་གླེང་བའི་གཏམ་ཞེས་པའི་དཔེ་དེབ་རྩོམ་པ་པོ་རྒྱལ་རོང་བརྩོན་འགྲུས་ལགས་ཀྱིས་བྱིས་སྒྲུང་གླིང་དུ་འདི་འདྲའི་སྐད་ཆ་ཞིག་བཤད་མྱོང་། ཐེངས་ཤིག་ཁོང་ཨ་རི་ལ་གཞིས་ཆགས་པའི་ཁྱིམ་ཚང་ཞིག་གི་ནང་དུ་སོང་བ་དང་། ཁྱིམ་ཚང་དེར་ཕྲུ་གུ་ལོ་ན་གསུམ་ལོན་པ་ཞིག་ཡོད་པ་དེར་གློག་བརྙན་ལ་ལྟ་རུ་མ་བཅུག་ན་ཟ་མ་མི་ཟ་བའི་གོམས་གཤིས་ངན་པ་ཞིག་ཆགས་འདུག་ཟེར། དེ་ལྟར་ན་ཕ་མ་གཉིས་ཀྱིས་ཕྲུ་གུའི་ལག་ཏུ་བརྙན་འཕྲིན་གྱི་རྒྱང་བསྒྱུར་བཞག་སྟེ་དོ་སྣང་མ་བྱས་ན། ཕྲུ་གུ་ཆུང་ཆུང་གིས་རང་ཉིད་ཀྱི་སེམས་ཁམས་ལ་འཚམ་པའི་ལེ་ཚན་ཇི་ལྟར་འདམ་གསེས་དགོས་མིན་མི་ཤེས་པ་དང་། དྲག་སྤྱོད་དང་ཆགས་སྤྱོད་ལ་སོགས་པའི་བརྙན་འཕྲིན་ལེ་ཚན་འདྲ་མིན་ལ་ལྟ་སྲིད་པ་དང་། བརྙན་འཕྲིན་ནང་གི་བརྙན་རིས་དག་ལ་ལད་ཟློས་བྱས་ཏེ་བྱིས་པའི་སེམས་ཁམས་སུ་བསམ་ཡུལ་ལས་འདས་པའི་བག་ཆགས་ངན་པ་འཇོག་སྲིད་པ་ཡིན། དེ་བཞིན་དུ་ཕྲུ་གུ་ཆུང་ཆུང་གིས་བརྙན་འཕྲིན་ནང་གི་འཁྲབ་སྟོན་གྱི་བརྙན་རིས་དང་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཀུན་སྤྱོད་གཉིས་ཀྱི་དབྱེ་བ་འབྱེད་མི་ཐུབ་པར་བརྟེན། ཕྲུ་གུའི་སེམས་ཁམས་སུ་སྐྲག་སྣང་དང་འཇིགས་སྣང་ལ་སོགས་པའི་ཚོར་འདུ་འདྲ་མིན་བསྐྲུན་སྲིད་པ་ཡིན། གལ་སྲིད་བརྙན་འཕྲིན་དང་ཁ་པར་སོགས་བརྡ་འཕྲིན་ལ་འབྲེལ་འདྲིས་བྱེད་རྒྱུ་མང་དྲགས་པ་ཡིན་ན། བུ་ཕྲུག་གིས་ཕ་མ་དང་སྤུན་མཆེད། ཨ་ཡས་དང་ཨ་མྱེ་སོགས་ནང་མི། ཡུལ་མི་ཁྱིམ་མཚེས་ཀྱི་བྱིས་པ་རྣམས་དང་མཉམ་དུ་འབྲེལ་འདྲིས་བྱེད་པ་དང་རྩེད་མོ་རྩེ་བའི་དུས་སྐབས་གལ་ཆེ་ཤོས་དེ་ཤོར་འགྲོ་བ་དང་། མ་འོངས་པར་དར་མའི་སྐབས་སུ་མི་ལ་གདོང་དང་གདོང་ཐུག་སྟེ་འབྲེལ་འདྲིས་དང་ཁ་བརྡ་བྱེད་མི་ཐུབ་ཅིང་། སྤྱི་ཚོགས་ཁྲོད་དུ་འཚོ་བ་སྐྱེལ་སྐབས་གནད་དོན་མང་པོར་གདོང་ལེན་བྱེད་མི་ཐུབ་པའི་དཀའ་ངལ་མང་པོར་འཕྲད་སྲིད་པ་ཡིན་པས། ང་ཚོ་ཕ་མ་ཚོས་བརྙན་འཕྲིན་དང་གློག་ཀླད། ཁ་པར་ལ་སོགས་པའི་འཕྲུལ་རིགས་རྣམས་ལ་སྟངས་འཛིན་ནན་མོ་བྱེད་རྒྱུ་ཤིན་ཏུ་གལ་ཆེའོ།། 


ངེད་བཟའ་བ་གཉིས་ཕྲུ་གུའི་ཕ་མར་མ་གྱུར་བའི་སྔོན་ལ་བྱིས་སྐྱོང་སློབ་གསོའི་སྐོར་གྱི་ཟབ་སྦྱོང་ཟླ་བ་གསུམ་གྱི་རིང་ལ་ཟབ་སྦྱོང་ལེན་སྐབས་བརྙན་འཕྲིན་གྱིས་བྱིས་པ་ལ་ཤུགས་རྐྱེན་ངན་པ་འཇོག་གི་ཡོད་པ་ཤེས་སོང་། དེར་བརྟེན་ངེད་བཟའ་བ་གཉིས་ཕྲུ་གུའི་ཕ་མ་རུ་གྱུར་བ་དང་། རང་ཁྱིམ་ནས་བརྙན་འཕྲིན་བླངས་བཞག་པ་ཡིན། བརྙན་འཕྲིན་གྱིས་ཕྲུ་གུར་བག་ཆགས་ངན་པ་འཇོག་པ་མ་ཟད། རང་ཉིད་ཀྱི་དུས་ཚོད་མང་པོ་འཕྲོ་བརླག་ཏུ་གཏོང་བཞིན་འདུག  བརྙན་འཕྲིན་མེད་ན་དཔེ་ཀློག་ལ་འཇུག་ཐུབ་པ་དང་ཕྲུ་གུ་མཉམ་དུས་ཚོད་མང་བོ་གཏོང་ཐུབ་ཀྱི་འདུག སྤྱིར་བརྙན་འཕྲིན་དང་ཁ་པར་ལ་སོགས་པའི་བརྡ་འཕྲིན་བཀོལ་སྤྱོད་ཀྱི་ཕན་གནོད་ནི་ཕ་མ་གཉིས་ཀྱི་འགན་ཁུར་ཚུལ་དང་སྟངས་འཛིན་བྱེད་ཚུལ་ལ་རག་ལས་པ་ཡིན། ཕ་མས་འགན་ཁུར་མ་བླངས་པར་བུ་ཕྲུག་ལ་བརྙན་འཕྲིན་གང་འདོད་དུ་ལྟ་རུ་འཇུག་པ་དང་། ཁ་པར་ཇི་འདོད་དུ་བཀོལ་སྤྱོད་བྱེད་དུ་བཅུགས་ཏེ་སྣང་མེད་བྱས་པ་ཡིན་ན། བུ་ཕྲུག་ལ་གནོད་པ་མང་བ་ལས་ཕན་པ་ཉུང་བ་གོང་དུ་རོབ་ཙམ་བརྗོད་ཟིན་པ་ལྟར་རེད། དེ་ལྟར་ན། ཕ་མ་གཉིས་ཀྱིས་བརྙན་འཕྲིན་དང་ཁ་པར་ལ་སོགས་པའི་བརྡ་འཕྲིན་གྱི་དགེ་སྐྱོན་ཤེས་རྟོགས་ཡོད་པའི་སྟེང་ནས་བུ་ཕྲུག་དང་ལྷན་དུ་མཉམ་ཞུགས་བྱས་ཏེ་སྟངས་འཛིན་བྱེད་རྒྱུ་གལ་ཤིན་ཏུ་ཆེན་པོ་ཡིན་ཞིང་། བུ་ཕྲུག་གིས་ཉིན་རེར་དུས་ཚོད་ག་ཚོད་ལ་བརྡ་འཕྲིན་བཀོལ་སྤྱོད་བྱེད་ཆོག་པ་དང་བརྙན་འཕྲིན་གྱི་ལེ་ཚན་གང་ཞིག་ལ་བལྟས་ན་བཟང་མིན་སོགས་གཏན་འབེབས་བྱེད་དགོས། ཕ་མས་བརྙན་འཕྲིན་གྱི་ལེ་ཚན་འདེམ་སྒྲུག་བྱས་ཏེ་གྲྭ་སྒྲིག་ཡོད་པའི་སྒོ་ནས་ལྟ་རུ་འཇུག་དགོས། ཤེས་ཡོན་དང་སྒྱུ་རྩལ། ཆོས་དང་རིག་གནས། གླུ་གཞས་དང་རོལ་དབྱངས། སྐྱེ་དངོས་དང་སྲོག་ཆགས། རི་མོ་དང་རྩེད་རིགས། ཡུལ་སྲོལ་དང་གོམས་གཤིས། རྒྱལ་རབས་དང་ལོ་རྒྱུས། ཡུལ་སྐོར་དང་འཚོ་བ། ཆས་གོས་དང་ཟ་མ་ལ་སོགས་པའི་ལེ་ཚན་ལ་ལྟ་རུ་བཅུག་སྟེ་བུ་ཕྲུག་གི་ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་འཇུག་དགོས། དེ་དང་ལྷན་དུ་ཕ་མ་གཉིས་ཀྱིས་བུ་ཕྲུག་དང་མཉམ་དུ་བརྙན་འཕྲིན་ལ་ལྟ་བའི་དུས་ཚོད་བཟོས་ཏེ་ནང་མི་ཚང་མས་བུ་ཕྲུག་གི་སེམས་ཁམས་ལ་འཚམ་པའི་བརྙན་འཕྲིན་ལེ་ཚན་ལ་བལྟས་ཏེ་ངལ་གསོ་བྱེད་པའི་གོམས་གཤིས་འཇགས་སུ་འཇུག་དགོས། དེ་ལྟར་བྱས་ན་ཕ་མས་བུ་ཕྲུག་དང་མཉམ་དུ་བརྙན་འཕྲིན་གྱི་ལེ་ཚན་བརྒྱུད་དེ་འཇིག་རྟེན་སྟེང་གི་མི་རིགས་འདྲ་མིན་གྱི་རིག་གནས་སྣ་ཚོགས་ལ་འཚོལ་ཞིབ་བྱེད་ཐུབ་པ་དང་བསམ་ཚུལ་བརྗེ་རེས་ཀྱི་བགྲོ་གླེང་མང་པོ་ཞིག་བྱེད་ཐུབ་པ་ཡིན། ཁྱད་པར་དུ་ཕ་མས་བུ་ཕྲུག་ལ་དངོས་ཡོད་ཀྱི་གནས་ཚུལ་དང་བརྙན་འཕྲིན་ནང་གི་འཁྲབ་སྟོན་གཉིས་ཀྱི་ཁྱད་པར་དང་དབྱེ་བ་སོགས་ཀྱི་སྐོར་ནས་འགྲེལ་བཤད་བྱེད་པའི་གོ་སྐབས་ཡོད་པ་ཡིན། དེ་བཞིན་དུ་ཕ་མ་གཉིས་ཀྱིས་དྲན་ཤེས་བསྟེན་ཏེ་རང་ཉིད་ཀྱི་བུ་ཕྲུག་ལ་བརྙན་འཕྲིན་དང་གློག་ཀླད། ཁ་པར་ལ་སོགས་པའི་བརྡ་འཕྲིན་འཕྲུལ་ཆས་ཀྱི་གནོད་པ་ཐེབས་སུ་མི་འཇུག་པར་བདག་གཅེས་ཡག་པོ་བྱེད་དགོས་པ་ཡིན་ནོ།། 


མདོར་དེད་ན་དུས་རབས་འདིའི་ནང་དུ་སྐྱེས་ཤིང་འཚར་བཞིན་ཡོད་པའི་བྱིས་པ་རྣམས་ནི་མི་རབས་སྔོན་མ་ཚོ་དང་མི་འདྲ་བར་ཆུང་དུས་ནས་བརྡ་འཕྲིན་དང་འཕྲུལ་རིགས་སྣ་ཚོགས་ཀྱི་ཁྲོད་དུ་འཚར་ལོངས་བྱས་དང་བྱེད་བཞིན་པ་ཡོད་པ་དང་། བརྙན་འཕྲིན་དང་གློག་ཀླད། ཁ་པར་ལ་སོགས་པའི་འཕྲུལ་ཆས་རྣམས་ནི་ཁོང་ཚོའི་ཉིན་རེའི་འཚོ་བའི་ཆ་ཤས་སུ་གྱུར་དང་འགྱུར་བཞིན་ཡོད། དེ་ལྟར་ན། ཕ་མ་ཚོས་བརྡ་འཕྲིན་ཀྱི་དགེ་སྐྱོན་གཉིས་ལ་ཞིབ་འཇུག་ལེགས་པར་བྱས་ཏེ་ཤུགས་རྐྱེན་དང་མཇུག་འབྲས་ཀྱི་སྐོར་ལ་ཤེས་རྟོགས་ཡོད་པའི་སྒོ་ནས་བུ་ཕྲུག་ལ་བརྡ་འཕྲིན་བཀོལ་སྤྱོད་བྱེད་དུ་འཇུག་དགོས། ཕ་མ་གཉིས་ཀྱིས་སྟངས་འཛིན་བྱས་ཏེ་བུ་ཕྲུག་ལ་བརྡ་འཕྲིན་བཀོལ་སྤྱོད་བྱེད་དུ་བཅུག་ན་བུ་ཕྲུག་གི་བློ་རིག་རྒྱས་ཤིང་རིག་པ་གསལ་བའི་དགེ་མཚན་ཡོད་པ་དང་། གལ་སྲིད་བརྙན་འཕྲིན་དང་གློག་ཀླད། ཁ་པར་ལ་སོགས་པའི་བརྡ་འཕྲིན་རྣམས་བུ་ཕྲུག་གི་རྩེད་ཆས་ལྟ་བུར་གྱུར་བ་ཡིན་ན། བུ་ཕྲུག་གི་ལུས་སེམས་ལ་གནོད་པ་མང་པོ་ཡོད་པར་བཤད་པས། ཕ་མ་གཉིས་ཀྱི་བརྡ་འཕྲིན་འཕྲུལ་ཆས་འདི་དག་ལ་སྟངས་འཛིན་ནན་མོ་བྱས་ཏེ་བུ་ཕྲུག་ལ་རྩེད་ཆས་ལྟར་བཀོལ་སྤྱོད་བྱེད་དུ་འཇུག་མི་རུང་བ་ཤེས་དགོས་སོ།།

Contact

Administrator 416-453-9887 admin@wildyaks.com