བུ་ཕྲུག་གི་རྒྱུད་ལ་བོད་སྐད་བཤད་པའི་གོམས་གཤིས་འཇོག་ཚུལ།

 

འདས་པའི་ལོ་ཉི་ཤུ་ལྷག་གི་ནང་དུ་བོད་མི་འབོར་ཆེན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤར་ཞིང་གཞིས་ཆགས། དེ་དང་ལྷན་དུ་གཞོན་སྐྱེས་མང་པོའི་ངག་ནས་བོད་སྐད་བོར་ཞིང་། ཕ་མ་དང་བུ་ཕྲུག་བར་དུ་མི་རིགས་གཞན་གྱི་སྐད་བཤད་ནས་ཁ་བརྡ་མ་བྱས་ན་གོ་བརྡ་མི་འཕྲོད་པའི་གནས་སྟངས་ཤིག་ཏུ་འགྱུར་བཞིན་ཡོད། དེར་བརྟེན་ཚོགས་པ་དང་མི་སྒེར་མང་པོས་དཀའ་ངལ་དེ་སེལ་ཐབས་སྐོར་ལ་ཐབས་ཤེས་སྣ་ཚོགས་བཏོན་དང་འདོན་བཞིན་ཡོད། དཔེར་ན། གཟའ་ཉི་མའི་ཉིན་བོད་ཡིག་འཛིན་གྲྭ་ཚོགས་པ་དང་། བོད་སྐད་ཡིག་སློབ་དུས་སྐད་ཡིག་གཉིས་པ་ཞིག་ཁྲིད་སྟངས་ལྟར་འཁྲིད་དགོས་པ་དང་དེ་ལུགས་ཀྱིས་སློབ་དེབ་ཀྱང་བཟོས་ཡོད། བོད་ཡིག་འབྲི་དུས་ཐ་སྙད་རེ་རེའི་བར་ལ་བར་སྟོང་བཞག་སྟེ་འབྲི་དགོས་པའི་བསམ་ཚུལ་བཏོན་ཏེ་བགྲོ་གླེང་བྱས། ལོ་རེ་བཞིན་དགེ་རྒན་ཚོགས་འདུ་བསྡུས་ཏེ་དཀའ་ངལ་འདི་སེལ་ཐབས་སྐོར་ལ་གླེང་མོལ་གནང་། ཆེད་མཁས་པ་གདན་དྲངས་ཏེ་གཞོན་སྐྱེས་ཚོར་དམིགས་པའི་ཚོགས་འདུ་བསྡུས་ཤིང་དབྱིན་སྐད་ཀྱི་ལམ་ནས་བོད་སྐད་བཤད་དགོས་པའི་གལ་ཆེའི་རང་བཞིན་བརྗོད་དེ་སེམས་ཤུགས་སྤར་བ་ལ་སོགས་པའི་འབད་བརྩོན་མང་པོ་ཞིག་བྱས་དང་བྱེད་བཞིན་ཡོད་ཀྱང་། ཕྱི་རྒྱལ་དུ་སྐྱེས་ཤིང་ཕྱི་རྒྱལ་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཉུང་ཤས་མ་གཏོགས་བོད་སྐད་བཤད་མི་ཤེས་པའི་གནས་སྟངས་དེ་དུས་ད་ལྟའང་སྔར་བཞིན་ལྷག་ཡོད།ང་ཚོ་གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་ཀྱང་བགྲང་བྱ་བཅུ་ལྷག་ཙམ་རིང་ལ་སྐད་ཡིག་རྒྱུན་འཛིན་ལ་ཕན་པའི་ལས་གཞི་ཞིག་གཉེར་ཏེ་དཀའ་ངལ་འདི་སེལ་ཐབས་ཀྱི་སྐོར་ལ་མཐུན་རྐྱེན་བསྐྲུན་པར་འབད་ནས་འབྲེལ་ཡོད་མི་སྣ་དག་ལ་སྙན་ཞུ་ཡང་ཐེངས་ཁ་ཤས་ཕུལ་མྱོང་། ལྷག་པར་དུ་ཕྱི་ལོ་༢༠༡༦ ལོ་ནས་བཟུང་བོད་ཕྱི་ནང་གི་གཞོན་སྐྱེས་ཤེས་ཡོན་པ་སྐོར་ཞིག་གི་འབོད་སྐུལ་ལྟར།ང་ཚོས་སྐད་འཕྲིན་ཐོག་བྱིས་སྒྲུང་གླིང་ཞེས་པའི་ཚོགས་པ་ཞིག་བཙུགས་ཏེ་བོད་ཕྱི་ནང་གི་ཕ་མ་སྟོང་ཕྲག་ལྷག་དང་མཉམ་དུ་བོད་རིགས་གཞོན་སྐྱེས་ཚོས་བོད་སྐད་བཤད་མི་ཤེས་པའི་དཀའ་ངལ་སེལ་ཕྱོགས་སྐོར་ལ་བགྲོ་གླེང་མང་པོ་བྱས་པའི་མཐར། ང་ཚོའི་ད་ལྟའི་གནས་བབ་འདིའི་འོག་ཏུ་གཞོན་སྐྱེས་ཚོས་བོད་སྐད་བཤད་མི་ཤེས་པའི་དཀའ་ངལ་དེ་ཕ་མ་གཉིས་མ་གཏོགས་སུ་གང་གིས་ཀྱང་བསྒྱུར་བཅོས་གཏོང་མི་ཐུབ་པར་ཚོགས་མི་མང་པོས་དཔེ་དང་དོན་ལ་སྦྱར་ཏེ་གསུངས། ཁྱད་པར་དུ་ཧྥུ་རན་སིར་བཞུགས་པའི་ཨ་ཅེ་ཁ་བ་སྒྲོལ་མ་དང་། བྷལ་ཇེམ་ལ་བཞུགས་པའི་མདའ་ཡུལ་སྐོར་བ། ཁ་ན་ཊར་བཞུགས་ཀ་ཁའི་བདག་པོ་དང་པདྨ་རྣམ་རྒྱལ། ཨ་རིིར་བཞུགས་པའི་བཙན་གྲོལ་དང་དབྱིན་ལན་དུ་བཞུགས་པའི་དབྱངས་ཅན་མཚོ་སོགས་ཀྱིས་རང་ཉིད་ཀྱི་ཉམས་མྱོང་དངོས་དང་སྦྱར་ཏེ་བོད་སྐད་བཤད་ཤེས་པའི་བུ་ཕྲུག་ཅིག་རང་ཁྱིམ་ནས་གསོ་སྐྱོང་བྱེད་དགོས་པ་དང་། ཇི་ལྟར་བྱས་པའི་སྐོར་གསུངས་ནས་ཕན་ཚུན་ལ་གོ་རྟོགས་སྤེལ་རེས་བྱས་པའི་གནས་ཚུལ་རྣམས་སྤྱི་སྡོམ་བྱས་ཏེ། ཕ་མ་ཚོས་རང་གི་བུ་ཕྲུག་གི་རྒྱུད་ལ་བོད་སྐད་བཤད་པའི་གོམས་གཤིས་ཇི་ལྟར་འཇོག་དགོས་པའི་སྐོར་ཅུང་ཟད་གླེང་བ་གཤམ་གསལ་ལྟར།

 

 ཕྱི་རྒྱལ་དུ་བཞུགས་པའི་ཕ་མ་མང་པོའི་ངག་ནས་ཕྱི་རྒྱལ་དུ་ཡོང་དོན་ནི་བུ་ཕྲུག་གི་མདུན་ལམ་གྱི་ཆེད་དུ་ཡིན་ཞེས་བརྗོད་ཀྱིན་ཡོད་ཀྱང་། ཕྱི་རྒྱལ་ལ་འབྱོར་ནས་ལོ་ཤས་སོང་དུས་དཔལ་འབྱོར་འཚོལ་སྒྲུབ་དང་སྤྱི་ཚོགས་ཟང་ཟིང་ནང་དུ་མགོ་འཁོར་ཏེ་ཐོག་མའི་དམིགས་ཡུལ་གྱི་ཁ་ཕྱོགས་སུ་གོམ་པ་སྤོ་ཐུབ་ཀྱི་མེད། ཐང་གི་རྡོ་ལེན་དུས། རུམ་གྱི་བྲོ་ལྷུང་ཞེས་པ་ལྟར། ཁྱིམ་ཚང་ནང་དང་བོད་མི་འདུས་སྡོད་བྱེད་སའི་ཇ་ཁང་སོགས་སུ་མི་རིགས་གཞན་གྱི་སྐད་ཆ་བཤད་དེ་བོད་རིགས་གཞོན་སྐྱེས་ཚོར་བག་ཆགས་ངན་པ་བཞག་དང་འཇོག་བཞིན་ཡོད། དེ་བཞིན་དུ་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྐད་ཆ་ཆེན་པོ་རྐྱང་རྐྱང་བཤད་དེ་གཞན་གྱིས་མ་འགྲིག་པ་དང་མ་འཐུས་པ་བཤད་མཁན་ཚོའི་ཁྲོད་དུའང་རང་ཉིད་ཀྱི་བུ་ཕྲུག་དང་ལྷན་དུ་བོད་སྐད་ཐོག་ཁ་བརྡ་ཙམ་མི་ཤོད་མཁན་ཡང་མང་པོ་ཡོད། ཁ་མཁས་པའི་གཤོག་ཆུང་ཁྲ་མོ། དོན་མི་མཁས་སྒོ་ང་ལམ་ཁར་འཇོག་ཟེར་བ་མ་ཡིན་ནམ། དེ་ལས་ཀྱང་ཐབས་སྐྱོ་བའི་གནས་ཚུལ་ཞིག་ནི་དེང་སང་ཕྱི་རྒྱལ་གྱི་བོད་པའི་སྤྱི་ཚོགས་ནང་དུ་བོད་སྐད་བཤད་དགོས་པའི་གལ་ཆེའི་རང་བཞིན་སྐོར་གླེང་མོལ་བྱས་པ་ཡིན་ན། བུ་ཕྲུག་ལ་བོད་སྐད་བཤད་པའི་གོམས་གཤིས་མེད་པའི་ཕ་མ་ཚོ་ཁོང་ཁྲོ་ཟ་བ་དང་། སྤྱི་ཚོགས་ཀྱི་དབུ་ཁྲིད་མཁན་ཚོའི་ཁྲོད་ནས་རེ་ཟུང་གིས་གལ་སྲིད་ང་ཚོས་བོད་སྐད་བཤད་དགོས་པའི་སྐད་ཆ་རྐྱང་བཤད་བསྡད་པ་ཡིན་ན། བོད་རིགས་གཞོན་སྐྱེས་མང་པོ་བོད་པའི་སྤྱི་ཚོགས་ནང་དུ་ཡོང་ཐུབ་ཀྱི་མི་འདུག་ཅེས་ཁ་འགོག་གི་ཡོད། དེང་སང་ཕྱི་རྒྱལ་དུ་ཡོད་པའི་སྤྱི་ཚོགས་ནང་དུ་བོད་སྐད་བཤད་དགོས་བ་བཤད་རྒྱུ་དེ་ཡང་ལས་སླ་བོ་ཞིག་མིན་པར་མཚེར་སྣང་སྐྱེས་བཞིན་འདུག སྐྱབས་མགོན་རིན་པོ་ཆེས་བོད་པའི་དཀྱིལ་ལ་མི་ཚེ་སྐྱེལ་འདོད་ན། བོད་པའི་གོམས་གཤིས་དང་བོད་པའི་ཤེས་ཡོན་ཕྲན་བུ་ཤེས་དགོས།བོད་པའི་ཤེས་ཡོན་ཤེས་ཐབས་ལ་བོད་པའི་སྐད་ཡིག་ཤེས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད། དེ་བཞིན་དུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་གིས་རང་གི་བུ་རྒྱུད་མི་རིགས་ཀྱི་གྲལ་ནས་འཕུད་ཐུབ་མཁན་དེ་ཕ་མ་གཉིས་མ་གཏོགས་མེད། ཕ་མས་བུ་རྒྱུད་ལ་བོད་སྐད་ཡིག་མ་བསླབ་པ་ཡིན་ན། ག་ལེར་མི་རིགས་ཀྱི་གྲལ་ནས་འབུད་འགྲོ་བ་ཡིན་ཞེས་གསུངས་ཡོད། ཨ་རིའི་སྤྱི་ཚོགས་རིག་པ་བ་དང་ལོ་རྒྱུས་སྨྲ་བ་སྐུ་ཞབས་སྒྲི་བྷོ་ཟས་(W.E. B. Du Bois) ཞུ་བ་དེས་བྱིས་པ་ཚོོས་ཁྱེད་ཀྱིས་ཅི་ཞིག་ཁྲིད་པ་ལས་ཁྱེད་རང་མི་ག་འདྲ་ཞིག་ཡིན་པ་དེ་ལས་མང་པོ་སྦྱོང་ཐུབ་ཅེས་གསུངས་ཡོད། བོད་ནང་གི་ན་གཞོན་སློབ་གསོ་བ་གསོན་པོ་ལགས་ཀྱིས་བུ་ཕྲུག་གི་སྤྱོད་པ་འགྱུར་བའི་སྐབས་སུ། ཕ་མ་རང་ཉིད་ཀྱི་ཀུན་སྤྱོད་ལ་ཞིབ་འཇུག་བྱ་རྒྱུ་གལ་ཆེ་ཞེས་གསུངས་ཡོད། དེས་ན་མ་འོངས་པར་རང་གི་བུ་རྒྱུད་རྣམས་ག་འདྲ་ཞིག་ཏུ་འགྱུར་མིན་ནི་ཕ་མ་གཉིས་ཀྱི་གོམས་གཤིས་དང་ཀུན་སྤྱོད་ལ་རག་ལས་པ་ཞིག་ཡིན། ང་ཚོ་ཕ་མ་ཚོས་སྨྲ་བ་ཉུང་ཞིང་དཔེ་སྟོན་མང་བའི་སློབ་གསོའི་བྱེད་ཐབས་གཙོ་བོར་བཟུང་སྟེ་རང་ཁྱིམ་དེ་བོད་སྐད་གཙང་མ་བཤད་སའི་ཁོར་ཡུག་ཞིག་ཏུ་བསྒྱུར་དགོས། བྱིས་པར་སྐད་ཆའི་བག་ཆགས་ཐོག་མར་འཇོག་པའི་དུས་སྐབས་ནི་བྱིས་པ་མངལ་གནས་ཀྱི་སྐབས་ཡིན་པར་བཤད་པ་དང་། བྱིས་པ་མངལ་གནས་ཀྱི་སྐབས་སུ་ཕ་མ་གཉིས་ཀྱིས་བོད་སྐད་གཙང་མ་བཤད་དགོས་པར་བཤད། སྐུ་ཞབས་ཞོགས་དུང་གིས་བོད་བསྒྱུར་བྱས་ཤིང་འཇར་མན་གྱི་བྱིས་སྐྱོང་སློབ་གསོ་བ་ཁའར་ཝེ་ཐེས་མཛད་པའི་དཔེ་ཆ་ཁ་བྱང་ལ་སྦྱངས་ཐོབ་སློབ་གསོའི་མན་ངག་ཅེས་པ་དེའི་ཤོག་ངོས་༣༨ ཀྱི་ནང་དུ། ཕྲུ་གུར་སྐད་བརྡ་ངེས་པའི་དུས་སྐབས་ནི་ལོ་༣ ཀྱི་སྔོན་ལ་ཡིན། ཚུལ་འདི་ནི་ཕ་མ་རྣམས་ཀྱིས་ངེས་པར་ཤེས་དགོས་པའི་གནས་ཡིན། སྐད་ཆ་ཇི་ལྟར་ཤེས་སྔ་ན་དེ་ལྟར་ལེགས་ཞེས་གསུངས་ཡོད། དེས་ན་ཕ་མས་ཕྲུ་གུ་བཙས་ནས་ཟླ་བ་གཅིག་ནས་བཟུང་བོད་སྐད་བཤད་དགོས། ཕྲུ་གུའི་སྐབས་སུ་སྐད་ཆ་མང་པོ་ཐོས་མྱོང་བའི་བྱིས་པ་དེ་འཚར་ལོངས་བྱུང་བའི་སྐབས་སུ། རིག་སྟོབས་ཆེ་ཞིང་མིང་བརྡའི་ཕྱུག་ཅིང་། སློབ་མའི་སྐབས་སུ་བསམ་བློ་ཞིབ་ཚགས་གཏོང་ཐུབ་མཁན་ཞིག་ཏུ་འགྱུར་བར་བཤད་པས་དེ་སེམས་ལ་འཛིན་འོས་སོ།།  

ཕྱི་རྒྱལ་དུ་འཚོ་གནས་བྱས་པའི་བོད་པའི་ཕ་མ་རེ་ཟུང་གིས་ངེད་ཚང་གི་བུ་ཕྲུག་ལ་ག་ཚོད་བཤད་ཀྱང་བོད་སྐད་བཤད་ཀྱི་མི་འདུག་ཅེས་བརྗོད་ཀྱི་ཡོད། དེ་ནི་ཕ་མ་ལ་བོད་སྐད་བཤད་པའི་གོམས་གཤིས་མེད་པ་དང་བྱིས་པའི་དགའ་ཕྱོགས་ལ་ཆ་རྒྱུས་མེད་པ། བྱིས་པ་སྐྱོང་ཐབས་མ་ཤེས་པ་ལ་སོགས་པའི་རྐྱེན་གྱིས་ཡིན་པ་ལས་བུ་ཕྲུག་གི་བོད་སྐད་བཤད་ཁ་མི་ཉན་ཟེར་བ་ཞིག་ཡེ་ནས་མེད། ཨ་རིའི་རྩོམ་པ་པོ་དང་མི་རིགས་ནག་པོའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་ཇེམ་སུ་རྦལ་ཊི་ཝན་ (James Baldwin) མཆོག་གིས་བྱིས་པ་ཚོ་རྒན་པ་ཚོའི་སྐད་ཆ་ལ་ཉན་མཁན་ཞིག་ནམ་ཡང་མིན་ནའང་། ལད་ཟློས་བྱེད་པར་བྱིས་པ་རྣམས་ནམ་ཡང་འཆུག་མྱོང་མེད་ཅེས་གསུངས་ཡོད། བྱིས་པ་ནི་ཕ་མའི་དཔེ་མཚོན་གྱི་རྗེས་འབྲང་བ་ལས། ཕ་མའི་བཤད་པའི་བསླབ་བྱ་ལ་དེ་ཙམ་ཉན་མཁན་ཞིག་མིན་པ་བོད་པའི་ཕ་མ་མང་པོས་ཤེས་ཀྱི་མེད་པར་བརྟེན། ངེད་ཚང་གི་བྱིས་པས་བོད་སྐད་བཤད་ཀྱི་མི་འདུག་ཅེས་བརྗོད་ཀྱི་ཡོད། ཁྱེད་ཚང་གི་བྱིས་པས་མི་རིགས་གཞན་གྱི་སྐད་ཆ་ཆུ་རྒྱུག་རྒྱུག་ལྟར་བཤད་དེ། བོད་སྐད་བཤད་ཁ་མི་ཉན་པའི་གནས་ལུགས་ཤིག་མེད། གཙོ་བོ་ཕ་མ་ལ་བོད་སྐད་བཤད་པའི་གོམས་གཤིས་མེད་པའི་སྐྱོན་དང་ནོར་འཁྲུལ་གྱི་རྐྱེན་ཡིན། དེ་བཞིན་དུ་ཨ་རིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་འདེབས་མཁན་སྐུ་ཞབས་བྷན་ཇེ་མན་ཧྥུ་རན་ཁུ་ལེན་(Benjamin Franklin)མཆོག་གིས་ང་ལ་བཤད་ན་ངས་བརྗེད་འགྲོ། ང་ལ་བསླབ་ན་ངས་དྲན་འོང་། ང་དང་འདྲིས་ན་ངས་སྦྱོང་ཐུབ་ཅེས་གསུངས་ཡོད། དེས་ན་ཕ་མས་བུ་ཕྲུག་གི་ཆབ་གདན་བརྗེ་བ་དང་ལུས་པོ་བཀྲུ་བ། འོ་མ་སྡུད་པ། ཟ་མ་སྟེར་བ། གོས་ལྷམ་འགེབས་པ།མལ་དུ་འཇོག་པ། རྒྱབ་ཏུ་འཁུར་བ་ལ་སོགས་པའི་སྐབས་སུ་ཁོར་ཡུག་གི་ཅ་ལག་ཚོའི་མིང་ནས་བཟུང་སྟེ་བོད་སྐད་མང་པོ་བཤད་དགོས་པ་ཡིན། བྱིས་སྒྲུང་གླིང་གི་ཕ་མ་ཉམས་མྱོང་ཅན་ཚོས་ཕ་མས་བུ་ཕྲུག་དང་མཉམ་དུ་དུས་ཚོད་མང་པོ་བསྐྱལ་ཏེ་བོད་སྐད་མང་པོ་བཤད་པ་ཡིན་ན་བུ་ཕྲུག་གིས་ལས་སླ་བོར་བོད་སྐད་བཤད་ཡོང་བ་ཡིན་ཞེས་གསུངས། རྒྱལ་རོང་གི་བུ་རུས་པ་ཅན་རྒྱལ་རོང་བརྩོན་འགྲུས་ཀྱིས་བྱིས་སྒྲུང་གླིང་དུ་གསུང་བཤད་གནང་དུས། རྟ་ཞིག་ཡིན་ན་འཚེར་བ་དང་། ལུག་ཅིག་ཡིན་ན་འབའ་བ། ཟོག་ཅིག་ཡིན་ན་ངུར་བ་ནི་ཆོས་ཉིད་ཡིན་པ་ལྟར།བོད་པ་ཞིག་ཡིན་ན་བོད་སྐད་བཤད་པ་ཆོས་ཉིད་ཡིན་དགོས་ཅེས་གསུངས་པ་ལ་བསམ་གཞིགས་གཏོང་རྒྱུ་ཡོད་པར་སེམས། ཡང་སྐུ་ཞབས་ཞོགས་དུང་གིས་བོད་བསྒྱུར་བྱས་པའི་གོང་བརྗོད་དཔེ་ཆ་དེའི་ཤོག་ངོས་༣༩ ཀྱི་ནང་དུ། བྱིས་པ་ཟླ་བ་གཅིག་དང་ཕྱེད་ཀ་ན་སྐད་ཆའི་བག་ཆགས་སད་དེ་ཡོད་ཕྱིར། ཕ་མས་སྔ་མོ་ནས་བྱིས་པ་དང་ལབ་གླེང་བྱེད་འོས་ཞེས་གསུངས་ཡོད། དེས་ན་ཕ་མ་ཚོས་བྱིས་པ་བཙས་པ་དང་བྱིས་པའི་ཁོར་ཡུག་ནས་སྐད་ཆ་བཤད་པ་རྒྱུན་སྐྱོང་དགོས། བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་མཚོ་ལགས་ཀྱིས་བོད་བསྒྱུར་བྱས་པའི་དཔེ་ཆ་དེའི་ཤོག་ངོས་༢༢ ཀྱི་ནང་དུ། མི་ཚང་མར་སྐད་ཆ་བཤད་པའི་ནུས་པ་ལྷན་སྐྱེས་སུ་ཡོད་མོད། བྱིས་པ་ཚོ་སྐད་ཆ་བཤད་སའི་ཁོར་ཡུག་ནས་འཚོ་བ་རོལ་ན་ད་གཟོད་སྐད་ཆ་བཤད་ཤེས་པར་འགྱུར་ཞེས་གསུངས་འདུག དེས་ན་བོད་སྐད་ཀྱི་སྒྲ་མི་ཐོས་པའི་ཁྱིམ་ཚང་ཞིག་གི་ནང་དུ་བོད་སྐད་བཤད་ཤེས་པའི་བྱིས་པ་ཞིག་འཚར་ལོངས་འབྱུང་སྟངས་ཤིག་མེད་པ་གསལ་བོ་ཤེས་དགོས། ལྷག་པར་དུ་ཕ་མ་ཚོས་ཤེས་དགོས་པའི་གནད་དོན་གཞན་ཞིག་ནི་བྱིས་པ་ནི་ཤེས་འདོད་ཆེ་ཞིང་དྲི་བ་འདྲི་བར་དགའ་བའི་གཤིས་ཀ་ཅན་ཞིག་ཡིན་པ་དེ་ཡིན། བྱིས་པས་དྲི་བ་དྲིས་པའི་སྐབས་སུ་ཕ་མས་སྣང་ཆུང་མི་བྱེད་པར་དྲིས་ལན་འདེབས་དགོས་ཤིང་།  དྲིས་ལན་འདེབས་པའི་སྐབས་སུ་བྱིས་པའི་གདོང་ལ་མིག་གིས་བལྟས་ཏེ་ནན་ཏན་བྱེད་དགོས་པར་བཤད། སྐད་ཆ་ཟེར་བ་དེ་བཤད་དགོས་པ་རྐྱང་རྐྱང་ཞིག་མ་ཡིན་པར། ཉན་ཡང་དགོས་པའི་གནས་ལུགས་རྟོགས་དགོས། གལ་སྲིད་བུ་ཕྲུག་གིས་བོད་སྐད་བཤད་དུས་ཕ་མས་མ་ཉན་པ་ཡིན་ན། བོད་སྐད་བཤད་མི་འདོད་པ་དང་བོད་སྐད་བཤད་པའི་འདུ་ཤེས་བརླག་འགྲོ་བ་ཡིན། དེས་ན་བུ་ཕྲུག་གི་བོད་སྐད་བཤད་དུས་ཕ་མས་མང་པོ་ཉན་ཐུབ་པ་ཡིན་ན། བུ་ཕྲུག་གི་སེམས་ཁམས་ལ་རྒྱུས་ལོན་བྱེད་པ་དང་བོད་སྐད་བཤད་པའི་གོམས་གཤིས་རྒྱུན་སྐྱོང་བར་རོགས་རམ་བྱེད་ཐུབ་པ་ཡིན། གངས་ཅན་མཁས་པའི་གཙིག་རྒྱན་ཞང་སྟོན་བསྟན་པ་རྒྱ་མཚོ་ཚང་གིས་མཛད་པའི་བསླབ་བྱ་ནོར་བུའི་ཕྲེང་བ་ལས། ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་།། མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན།། སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་།། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཞེས་གསུངས་ཡོད།

ཕྱི་གླིང་བ་ཚོས་དགེ་བའི་ལས་དེ་རང་ཁྱིམ་ནས་འགོ་འཛུགས་བྱེད་དགོས་ཞེས་ལབ་ཀྱི་ཡོད་པ་ལྟར། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱས་པའི་བོད་པའི་གཞོན་སྐྱེས་མང་པོས་བོད་སྐད་བཤད་མི་ཤེས་པའི་གནས་སྟངས་ལ་བསྒྱུར་བཅོས་གཏོང་འདོད་ཡོད་པའི་ཕ་མ་ཚོས་ཆོད་སེམས་བརྟན་པོ་སྒོ་ནས་རང་ཁྱིམ་དུ་དུས་ནམ་ཡང་བོད་སྐད་གཙང་མ་བཤད་པའི་དམ་བཅའ་བཞག་སྟེ་བུ་ཕྲུག་དང་མཉམ་དུ་དུས་ཚོད་མང་པོ་སྐྱེལ་དགོས་པ་ཡིན། དེ་ལྟར་བྱས་ན་དུས་ཡུན་རིང་པོ་མི་འགོར་བར་བོད་ཕྲུག་ཚོས་བོད་སྐད་བཤད་མི་ཤེས་པའི་གནང་སྟངས་ལ་འགྱུར་བ་གཏོང་ཐུབ། སྐབས་དེར་བོད་མི་ཡོངས་རྫོགས་སྐད་ཡིག་རིག་གནས་ཀྱི་རྨང་གཞི་གཅིག་གི་སྟེང་དུ་གཅིག་གྱུར་དུ་ཇི་སྲིད་བར་དུ་གནས་ཐུབ། དེ་ལྟ་བུའི་གནས་བབ་ཅིག་ཏུ་སླེབས་ཐུབ་པའི་ཆ་རྐྱེན་དེ་ནི་ཕ་མ་གཉིས་ཀྱི་སྙིང་རུས་དང་འབད་བརྩོན་ཁོ་ན་ཡིན་པའི་དཔང་རྟགས་གྲངས་མེད་ཡོད་དོ།། སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ང་ཚོས་བོད་ཀྱི་སྐད་ཡིག་ལ་གཅེས་སྤྲས་དགོས་ཀྱི་འདུག་ཅེས་མང་པོ་ཞིག་བཤད་ཀྱི་ཡོད་རེད།བོད་པའི་སྐད་ཡིག་གཅེས་སྤྲས་བྱེད་སྟངས་ཏེ་བེད་སྤྱོད་བྱས་ནས་གཅེས་སྤྲས་བྱེད་དགོས་པ་མ་གཏོགས་མཆོད་བཤམས་ནང་ལ་བཞག་རྒྱུ་ཞིག་མ་རེད་ཅེས་གསུངས་ཡོད། དེས་ན་ཕ་མ་ཚོས་བོད་སྐད་བཤད་དེ་ལག་ལེན་དངོས་ཀྱི་སྟེང་ནས་བུ་ཕྲུག་ལ་བོད་སྐད་ཡིག་བདག་གཅེས་བྱེད་སྟངས་དཔེ་སྟོན་བྱེད་དགོས་པ་ཡིན། ཡང་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་འགྱུར་བ་ནི་ལག་ལེན་ཁོ་ན་བརྒྱུད་ནས་འབྱུང་ཐུབ་པ་ཞིག་ཡིན་པ་ལས། སྒོམ་རྒྱག་པ་དང་སྨོན་ལམ་རྒྱག་པ་གཅིག་པོ་ལས་འབྱུང་བ་ཞིག་མ་རེད་ཅེས་གསུངས་ཡོད། དེ་བཞིན་དུ་རྒྱ་གར་གྱི་བདག་ཉིད་ཆེན་པོ་གན་རྡི་མཆོག་གིས་ལག་ལེན་མེད་ན། གང་ལའང་སླེབས་མི་ཐུབ་ཅེས་གསུངས་ཡོད། དེས་ན་ཕ་མས་རང་ཉིད་ནི་བུ་ཕྲུག་གིས་བོད་སྐད་བཤད་ས་དེ་ཡིན་པ་དང་།  རང་ཁྱིམ་ནི་བོད་སྐད་བཤད་སའི་ཁོར་ཡུག་ཡིན་པ། བུ་ཕྲུག་དང་མཉམ་དུ་འགྲོག་པའི་དུས་ཚོད་ཚང་མ་བོད་སྐད་བཤད་པའི་དུས་ཚོད་ཡིན་པ་དང་། བུ་ཕྲུག་དང་མཉམ་དུ་གནས་པའི་ཁོར་ཡུག་ཚང་མ་བོད་སྐད་བཤད་སའི་ཁོར་ཡུག་ཡིན་པ་སོགས་ངོས་ཟིན་པའི་སྒོ་ནས་དུས་རྒྱུན་དུ་བོད་སྐད་གཙང་མ་བཤད་དགོས། དེ་བཞིན་བུ་ཕྲུག་གིས་བོད་སྐད་བཤད་དུས་བསྟོད་སྔགས་བྱེད་པ་ལས་སྐྱོན་གྱི་སྐོར་གཙོ་བོར་བྱས་ཏེ་གླེང་མི་ཉན། བུ་ཕྲུག་གིས་གཞན་སྐད་བཤད་ཡོང་དུས། བོད་སྐད་བཤད་དགོས་པའི་གནས་ལུགས་བཤད་དགོས་པ་ལས་སྐྱོན་བརྗོད་བྱེད་མི་ཉན། བུ་ཕྲུག་གི་བོད་སྐད་མ་དག་པའི་སྐབས་སུ་འཕྱ་སྨོད་མི་བྱེད་པར་བརྗོད་སྟངས་བསླབ་པ་ལ་སོགས་པའི་བྱེད་ཐབས་སྣ་ཚོགས་སྤྱད་དེ་རང་གི་བུ་རྒྱུད་རྣམས་བོད་སྐད་བཤད་ཤེས་པ་དང་བོད་ཡིག་ཀློག་ཐུབ་པ་ཞིག་ཏུ་བསྐྱེད་སྲིང་བྱེད་དགོས་པ་གལ་ཆེའོ།། 

 

མཐའ་དོན། ཨ་རིར་བཞུགས་པའི་རྔ་བ་རང་རིག་སྐྱིད་ལགས་ཀྱིས་བྱིས་སྒྲུང་གླིང་དུ་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས། ངའི་བུ་ཕྲུག་གི་སེམས་ཁམས་སུ་བོད་པའི་འདུ་ཤེས་གཙང་མ་ཞིག་འཇོག་དགོས་པ་དེ་ང་ལ་འཁྲི་བའི་འོས་འགན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེའི་ཕྱིར་ངའི་བུ་མོ་བཙས་པ་ནས་བཟུང་ཁོ་མོའི་ཁོར་ཡུག་ནས་རྒྱུན་དུ་བོད་སྐད་བཤད་པར་འབད་བརྩོན་བྱས་པ་ཡིན་ཞེས་གསུངས་པ་དང་། དེ་བཞིན་དུ་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་བཞུགས་པའི་ཁམས་བྲག་མགོ་ནས་ཡིན་པའི་དབྱངས་ཅན་མཚོ་ལགས་ཀྱིས་བྱིས་སྒྲུང་གླིང་དུ་ང་ལ་མངལ་འཁོར་བ་ནས་བཟུང་ངས་ཁྱོ་ཀ་དང་ལྷན་དུ་བོད་སྐད་གཙང་མ་བཤད་མགོ་བཙུགས་པ་ཡིན། སྐབས་དེར་ངེད་གཉིས་ཀྱི་སྐད་ཆའི་ནང་དུའང་དབྱིན་ཇའི་ཐ་སྙད་མང་པོ་ཡོད་པ་ཧ་གོ་སོང་། དེ་ནས་ངེད་གཉིས་ཀྱིས་ཕན་ཚུན་ལ་དྲན་སྐུལ་དང་སེམས་ཤུགས་སྤར་ཏེ་ཁ་བརྡ་བྱེད་དུས་སྦྲགས་སྐད་ཁྱོན་ནས་ཤོར་དུ་མ་བཅུག་པར་རང་ཁྱིམ་ནས་བོད་སྐད་གཙང་མ་བཤད་པ་ཡིན་ཞེས་གསུངས། དེ་ལྟར་ན་ང་ཚོས་ཁོང་གཉིས་ལྟ་བུའི་ཕ་མ་རང་ཚུགས་ཅན་དང་སྙིང་རུས་ཅན་རྣམས་ལ་མིག་དཔེ་བྱས་ཏེ་རང་ཁྱིམ་གཙོས་པའི་བུ་ཕྲུག་གི་ཁོར་ཡུག་ནས་དུས་རྒྱུན་དུ་བོད་སྐད་གཙང་མ་བཤད་དེ་མི་རིགས་གཞན་གྱི་སྐད་ཡིག་ལ་ཤི་འཐམ་རོ་འཐམ་བྱེད་པའི་གོམས་གཤིས་ངན་པ་དེ་འདོར་དགོས་པར་སེམས་སོ།།

 

Topic: བུ་ཕྲུག་གི་རྒྱུད་ལ་བོད་སྐད་བཤད་པའི་གོམས་གཤིས་འཇོག་ཚུལ།

གཡག་རྒོད་ཚང་ལ་བཀའ་དྲིན་ཆེ།

nashugomang@gmail.com 14/12/2020
བཀ་དྲིན་ཆེ་ཧ་ལས་པའི་ཡག་པོ་རེད་འདུག། ང་ནས་ཡིན་ཡིད་སྨོན་སྐྱེ་རི་བཅུག་སོང་།

New comment

Contact

Administrator 416-453-9887 admin@wildyaks.com