བྱིས་པ་དང་ལྷན་དུ་ཀུ་རེ་དང་རྩེད་མོ་རྩེ་དུས་གཟབ་དགོས།

བྱིས་པ་དང་ལྷན་དུ་ཀུ་རེ་དང་རྩེད་མོ་རྩེ་དུས་གཟབ་དགོས། 

སེམས་ཁམས་རིག་པ་དང་བྱིས་སྐྱོང་ོསློབ་གསོ་བ་ཚོས་བྱིས་པ་ནི་བླང་དོར་གྱི་དབྱེ་བ་གསལ་བོ་འབྱེད་མི་ཤེས་པའི་སེམས་ཁམས་དྲང་མོ་ཅན་ཞིག་དང་རང་རྒྱལ་གཞན་ཕམ་གྱི་བསམ་བློ་མེད་པའི་སེམས་ཁམས་གཙང་མ་ཅན་ཞིག་ཡིན་པ་འགྲེལ་བརྗོད་ཀྱི་ཡོད་པ་ལྟར། ཕྲུ་གུ་ཆུང་ཆུང་ཚོས་ཕ་མའི་གོམས་གཤིས་ལ་མིག་གིས་ལྟ་བ་དང་རྣ་བས་ཉན་ཏེ་ལད་ཟློས་བྱེད་ཀྱི་ཡོད། དེར་བརྟེན་ཕ་མ་གཉིས་ཀྱིས་བུ་ཕྲུག་ལ་མིག་དཔེ་བཟང་བོ་བསྟན་ཏེ་ལམ་སྟོན་ཡག་པོ་བྱེད་དགོས་པ་ཡིན། གལ་སྲིད་ཕ་མས་བུ་ཕྲུག་ལ་མིག་དཔེ་ཡག་པོ་ཞིག་སྟོན་མ་ཐུབ་པར་བུ་ཕྲུག་གི་ཁོར་ཡུག་ནས་རང་གི་ཀུན་སྤྱོད་རྒྱ་ཡན་དུ་སོང་བ་ཡིན་ན། གློག་ཀླད་ཀྱིས་ཡིག་ཆ་ཕབ་ལེན་བྱེད་པ་ནང་བཞིན་བུ་ཕྲུག་གིས་ཕ་མའི་གོམས་གཤིས་རང་གི་ལུས་ངག་ཡིད་གསུམ་ལ་བསྡུ་ལེན་དང་ནང་འཇུག་བྱེད་ཀྱི་ཡོད། དེ་ལྟར་ན་བུ་ཕྲུག་གི་མ་འོངས་པའི་ཆེད་དུ་དོ་ཁུར་ཡོད་པའིི་ཕ་མ་ཚོས་བུ་ཕྲུག་གི་ཁོར་ཡུག་ནས་རང་གི་ལུས་ངག་ཡིད་གསུམ་དང་འབྲེལ་བའི་ཀུན་སྤྱོད་ལ་བདག་གཅེས་བྱེད་དགོས་ཤིང་། རྩེད་མོ་དང་ཀུ་རེའི་ལམ་ནས་ཀྱང་བུ་ཕྲུག་གི་སེམས་ཁམས་ལ་ཤུགས་རྐྱེན་ངན་པ་མི་འཇོག་པའི་ཆོད་སེམས་བརྟན་པོ་ཡོད་དགོས། 
བྱིས་པ་གསོ་སྐྱོང་བྱེད་མཁན་གྱི་ཕ་མའི་གོམས་གཤིས་དང་བྱིས་པ་འཚར་ལོངས་བྱེད་སའི་ཁྱིམ་ཚང་གི་ཁོར་ཡུག་མི་འདྲ་བའི་ཆ་ནས་བྱིས་པ་ཚོའི་སེམས་ཁམས་སུ་བག་ཆགས་མི་འདྲ་བ་འཇོག་གི་ཡོད་ཅིང་། ཐེ་ལན་རྒྱལ་ཁབ་ཀྱི་དགེ་འདུན་པ་ཕན་ཡ་ནཱ་ཊ་(Panyanada Bhikkhu)ཞེས་པ་དེས་བརྩམས་པའི་དཔེ་ཆ་ཁ་བྱང་ལ་ཡང་དག་པའི་ལམ་ནས་བྱིས་པར་བརྩེ་བ་སྤྲོད་སྟངས་ཞེས་པའི་དཔེ་ཆ་དེའི་ནང་དུ་བུ་ཕྲུག་ལ་སེམས་ཁམས་ཀྱི་རྨང་གཞི་གསར་བསྐྲུན་བྱེད་མཁན་དེ་ནི་ཕ་མ་གཉིས་ཡིན་ཞིང་། ཕ་མ་ནི་བུ་ཕྲུག་གི་དགེ་རྒན་ཐོག་མ་དེ་ཡིན་ཞེས་གསུངས་པ་ལྟར། ཕ་མ་གཉིས་ལས་ལྷག་པའི་ཤུགས་རྐྱེན་ཆེ་བའི་མི་ཞིག་བུ་ཕྲུག་གི་མི་ཚེའི་ཁྲོད་དུ་མེད་པ་རེད། དེར་བརྟེན་དེང་དུས་ཀྱི་སློབ་གསོ་བ་ཚོས་ཀྱང་ཕ་མ་ནི་བུ་ཕྲུག་གི་དགེ་རྒན་ཡིན་པ་དང་། ཕ་མའི་ཀུན་སྤྱོད་ནི་བུ་ཕྲུག་གི་སློབ་དེབ་ཡིན་ཞེས་གསུང་གི་ཡོད། ཕ་མ་དང་བུ་ཕྲུག་གཉིས་འགྲོགས་འདྲིས་བྱེད་དུས་ཕ་མའི་གོམས་གཤིས་ཀྱིས་བུ་ཕྲུག་གི་གཤིས་རྒྱུད་ལ་བག་ཆགས་འཇོག་གི་ཡོད་པར་བརྟེན། ཕ་མས་རང་ཉིད་ཀྱི་གོམས་གཤིས་ངན་པ་རྣམས་ལ་བཅོས་བསྒྱུར་བྱས་ཏེ་བུ་ཕྲུག་གི་གཤིས་རྒྱུད་ལ་བག་ཆགས་ངན་པ་མི་འཇོག་པའི་འགན་ཁུར་དགོས། བུ་ཕྲུག་གི་ཀུན་སྤྱོད་ལ་འགྱུར་ལྡོག་སོང་བའི་སྐབས་སུ། དེ་བཅོས་ཐབས་མི་བྱེད་པར་དང་པོ་རང་ཉིད་ཀྱི་ཀུན་སྤྱོད་ལ་ཞིབ་འཇུག་བྱེད་པ་ནི་ཧ་ཅང་གལ་ཆེ། དཔེར་ན་སྨན་པས་ནད་ངོ་མི་ཟིན་པར་ནད་པར་སྨན་སྤྲད་དེ་ནད་བཅོས་ཐབས་བྱེད་པ་དང་མཚུངས། ང་ཚོ་བོད་པའི་ཕ་མ་མང་པོས་མཇུག་འབྲས་ལ་བསམ་བློ་མི་གཏོང་བར་ཀུ་རེ་དང་རྩེད་མོའི་བར་དུ་བུ་ཕྲུག་གི་སེམས་ལ་སྡུག་བསྔལ་སྤྲོད་ཀྱི་ཡོད་པ། དཔེར་ན། ཁྱེད་ནི་ངེད་གཉིས་ཀྱི་བུ་ཕྲུག་མ་རེད། ཁྱེད་རང་ངེད་གཉིས་ཀྱིས་ཐང་ནས་རྙེད་པ་ཡིན། ཁྱེད་ནི་སྡེ་འདབས་སུ་ཉལ་བསྡད་ཡོད་པའི་རྒན་པོ་ནད་པ་དེའི་ཕྲུ་གུ་རེད་ཅེས་དང་། ཁྱེད་ནི་ཁྱེད་ཚོ་སྤུན་སྲིང་ཚོའི་ཁྲོད་ནས་མདོག་ཉེས་ཤོས་དང་བློ་ཁོག་ཆུང་ཤོས་དེ་རེད།ཁྱེད་རང་ངའི་ཁ་ལ་མ་ཉན་པ་ཡིན་ན་ངས་ཁྱེད་རང་མི་གཅེས་ལ་སོགས་པའི་སྐད་ཆ་བཤད་དེ་བུ་ཕྲུག་ལ་ཀུ་རེ་རྩེས་ན་མཇུག་འབྲས་ངན་པ་ཡོད་པར་བཤད། ཕྲུ་གུ་ཆུང་ཆུང་ཚོས་རྩེད་མོའི་སྐད་ཆ་དང་བདེན་པའི་སྐད་ཆ་གཉིས་གསལ་བོ་དབྱེ་བ་འབྱེད་མི་ཤེས་པས། ཕྲུ་གུའི་སེམས་ཁམས་ལ་བག་ཆགས་ངན་པ་འཇོག་པ་དང་དོགས་པ་རྣམ་རྟོག་སྐྱེད་པར་བཤད། དེ་ལྟར་ན་རྩེད་མོ་དང་ཀུ་རེའི་ལམ་ནས་བུ་ཕྲུག་གི་སེམས་སུ་སེམས་མཚེར་དང་དངངས་སྐྲག་སྐྱེ་རུ་འཇུག་མི་ཉན་པ་ཤེས་དགོས།

སློབ་གྲྭ་ནི་སློབ་མའི་སེམས་ཁམས་བཟོ་སྐྲུན་བྱེད་སའི་བཟོ་གྲྭ་དང་དགེ་རྒན་ནི་སློབ་མིའི་སེམས་ཁམས་བཟོ་སྐྲུན་བྱེད་མཁན་གྱི་ལས་བཟོ་བ་རེད་ཅེས་བཤད་སྲོལ་ཡོད་པ་ལྟར། དགེ་རྒན་གྱི་ཤུགས་རྐྱེན་ནི་བསྐལ་བའི་བར་དུ་གནས་ཀྱང་། དགེ་རྒན་གྱི་ཤུགས་རྐྱེན་གང་ཞིག་དང་ནམ་ཞིག་ལ་མཚམས་འཇོག་མིན་སུ་གང་གིས་ཀྱང་ཚོད་དཔག་བྱེད་ཐུབ་པ་ཞིག་མིན། དགེ་རྒན་ནི་སློབ་མའི་སེམས་ཀྱི་གཏོད་ས་དང་མིག་གིས་ལྟ་ས། རྣ་བས་ཉན་ས་དེ་ཡིན་པར་བརྟེན། དགེ་རྒན་གྱིས་བསྟོད་བསྔགས་བྱས་ན་སློབ་མ་དགའ་ཞིང་། དགེ་རྒན་གྱིས་མཐོང་ཆུང་དང་དམའ་འབེབས་བྱས་ན་སློབ་མའི་སེམས་ཤུགས་ཆག་པ་དང་སློབ་སྦྱོང་གི་འདུན་པ་བརླག་སྲིད་པ་ཡིན། དེར་བརྟེན་སློབ་གྲྭའི་ཁོར་ཡུག་ནས་དགེ་རྒན་གྱིས་རང་གི་ཀུན་སྤྱོད་ལ་བདག་གཅེས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ལྷག་པར་དུ་སློབ་མ་ཚོའི་སེམས་ཁམས་མི་འདྲ་བ་ལ་ངོས་ལེན་དང་བརྩི་བཀུར་བྱེད་དགོས། སེམས་ཁམས་རིག་པ་དང་ཁྲིད་ཐབས་རིག་པ་ལ་རྨོངས་པའི་དགེ་རྒན་རེ་ཟུང་ཞིག་གིས་སློབ་མའི་ཁམས་དང་མོས་པ་ལ་བརྩི་བཀུར་མི་བྱེད་པར་། ཀུ་རེ་དང་རྩེད་མོའི་ལམ་ནས་སྒྲུང་གཏམ་སྣ་ཚོགས་བཟོས་ཏེ་སློབ་མའི་ཁྱིམ་རྒྱུད་ལ་དམའ་འབེབ་དང་ཕ་མར་མཐོང་ཆུང་བྱས་ཏེ་གད་མོ་དགོད་པ་དང་ཧབ་ཆ་བྱེད་པའི་གནས་ཚུལ་ཡོད། དགེ་རྒན་ལ་ལས་སློབ་མར་ཀུ་རེ་དང་སྙད་བརྐོ་བྱེད་བཞིན་ཡོད། ཁྱེད་ཚང་ལ་གནའ་ནས་ད་བར་དུ་མི་མཁས་པ་གཅིག་ཀྱང་སྐྱེ་མྱོང་མེད་པ་དང་། ཁྱེད་ཚང་གི་མི་ཚང་མ་གླེན་པ་ལུག་འདྲ་བ་ཏག་ཏག་རེད་ཟེར་བ་ལྟ་བུ་དང་། ཁྱེད་རང་ནི་སློབ་མ་གཞན་ཚོ་དང་བསྡུར་ན་རིག་པ་རྟུལ་བོ་ཡིན་པར་བརྟེན། ཁྱེད་རང་ནི་སློབ་ཞན་སློབ་མ་རེད་ཅེས་དང་། ཁྱེད་རང་གི་མ་འོངས་པའི་འཚོ་བ་ནི་ནོར་རྫི་དང་ལུག་རྫི་བྱེད་རྒྱུ་དེ་རེད་ཅེས་བཤད་དེ་རྩེད་མོ་རྩེ་བཞིན་ཡོད། སློབ་མ་ཆུང་ཆུང་ཚོས་དགེ་རྒན་གྱིས་བཤད་པའི་སྐད་ཆ་བདེན་པར་འཛིན་ཞིང་། རང་ཉིད་ཅི་ཡང་མི་ཤེས་པའི་གླེན་པ་ཞིག་ཡིན་པའི་འདུ་ཤེས་སྐྱེ་སྲིད་པ་དང་དེ་ལ་མཇུག་འབྲས་ངན་པ་འབྱུང་སྲིད། དེ་བས་དགེ་རྒན་ཚོས་སློབ་མའི་སེམས་ཁམས་ལ་གནོད་པའི་ཀུ་རེ་མི་བཤད་པ་དང་རྩེད་མོ་མི་རྩེ་བ་ནི་གལ་ཆེའོ།།  
གཏམ་ཀུ་རེ་མེད་མེད་ན་བཤད་ཚུལ་མེད་ཟེར་བ་ལྟར་བོད་མི་རིགས་ནི་ཀུ་རེ་དང་རྩེད་མོ་ལ་དགའ་ཞིང་། ཀུ་རེ་དང་རྩེད་མོའི་ཁྲོད་ནས་གད་མོ་སློང་ཞིང་གད་མོ་དགོད་པའི་གོམས་གཤིས་ཤིག་ཡོད། དེར་བརྟེན་ཀུ་རེ་བཤད་དུས་སེམས་ལ་གནག་སེམས་དང་གནོད་སེམས་གང་ཡང་མེད། ཡིན་ནའང་། བླང་དོར་ལེགས་ཉེས་ཀྱི་དབྱེ་བ་འབྱེད་མི་ཤེས་པའི་ཕྲུ་གུ་ཚོར་ཁ་ལ་ཡོང་ཚད་ཀྱིས་ཀུ་རེ་བཤད་པ་དང་རྩེད་མོ་རྩེས་སྡད་པ་ན་བྱིས་པའི་སེམས་ཁམས་སུ་བག་ཆགས་ངན་པ་དང་ཤུགས་རྐྱེན་ངན་པ་འཇོག་སྲིད་པ་ཡིན། དཔེར་ན། མི་རྒན་ཚོས་བྱིས་པའི་ཨ་ཕ་ལ་འཇོན་ནུས་མེད་པ་དང་། ཨ་མ་ལ་མོ་སྒོ་མེད་པ། ཁྱིམ་རྒྱུད་ལ་མཁས་པ་མེད་པ། བྱིས་པ་ལ་བློ་རིག་པ་མེད་ཚུལ་སོགས་བཤད་དེ་སྙད་བརྐོས་ཏེ་བསྡད་པ་ཡིན་ན། བྱིས་པ་ནི་སེམས་གཤིས་ཧ་ཅང་དྲང་ཞིང་རྒན་པའི་སྐད་ཆ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པར་བརྟེན། བྱིས་པའི་སེམས་ཁམས་སུ་ཤུགས་རྐྱེན་མི་ལེགས་པ་འཇོག་སྲིད་པ་ཡིན། དེར་བརྟེན་མི་དར་མ་ཚོས་བྱིས་པའི་མ་འོངས་པའི་འཚོ་བའི་ཁྲོད་དུ་མཇུག་འབྲས་ངན་པ་སྐྱེད་སྲིད་པའི་གཟབ་དགོས་པར་འདོད། མི་རྒན་པ་ཚོས་ཀུ་རེ་བཤད་པ་དང་རྩེད་མོ་རྩེ་བའི་སྐབས་སུ་བྱིས་པའི་གདོང་ལ་བལྟས་ཏེ་སེམས་ཚོར་ལ་དོ་སྣང་བྱེད་རྒྱུ་གལ་ཆེ། གལ་སྲིད་བྱིས་པ་གད་མོ་དགོད་ཀྱི་མེད་པ་དང་གདོང་ལ་འཛུམ་མདང་མེད་པ། ངུ་འབོད་སོགས་ཀྱི་ཡོད་ན་ཀུ་རེ་བཤད་པ་དང་རྩེད་མོ་རྩེ་མཚམས་འཇོག་དགོས། ཀུ་རེ་ལ་མི་འགའ་བའི་བྱིས་པའི་སེམས་ཁམས་ལ་བརྩི་བཀུར་བྱེད་ཤེས་དགོས། གལ་སྲིད་བྱིས་པའི་སེམས་ཁམས་ལ་བརྩི་མེད་རྡོག་རོལ་བྱས་ཏེ་གང་འདོད་དུ་ཀུ་རེ་དང་རྩེད་མོའི་ཁྲོད་ནས་བྱིས་པའི་སེམས་ཁམས་སུ་ཚ་གཟེར་ཆེ་བའི་རྨ་ཁ་མི་བཟོ་བར་འགན་ཁུར་དགོས་སོ།།   
མདོར་ན་མི་རབས་རྗེས་མའི་མདུན་ལམ་ལ་འགན་འཁུར་ཡོད་བའི་ཕ་མ་ཞིག་ལ་མཚོན་ན་བྱིས་པའི་སེམས་ཁམས་སྐོར་ཀྱི་རྒྱུན་ཤེས་དང་བྱིས་པའི་དགའ་ཕྱོགས་སྐྱོང་ཚུལ་གྱི་བྱེད་ཐབས་སྐོར་ལ་ཤེས་རྟོགས་དང་རྒྱུས་མངའ་ཅུང་ཟད་ཡོད་དགོས་ཤིང་། ཁྱད་པར་དུ་རང་ཉིད་ཀྱི་གོམས་གཤིས་སུ་གྱུར་བའི་ལུས་ངག་གི་སྤྱོད་པ་བཟང་ངན་གྱིས་བུ་ཕྲུག་དག་གི་སེམས་ཁམས་བཟོ་བསྐྲུན་བྱེད་ཀྱི་ཡོད་པའི་གནས་ལུགས་དེ་དྲན་དགོས། ནང་པའི་ལས་རྒྱུ་འབྲས་ཀྱི་རྣམ་བཞག་ལས། ལས་དགེ་བ་བྱས་ན་འབྲས་བུ་བདེ་བ་འབྱུང་བ་དང་། ལས་མི་དགེ་བ་བྱས་ན་འབྲས་བུ་སྡུག་བསྡུལ་འབྱུང་བ་གཞི་བཞག་ནའང་། ཕ་མས་འགན་ཁུར་ཏེ་རང་ཉིད་ཀྱི་བུ་ཕྲུག་ལ་ལེགས་ཉེས་ལམ་སྟོན་གནང་བ་དང་བུ་ཕྲུག་གི་ཁོར་ཡུག་ནས་དོན་བཟང་བྱ་བཟང་སྒྲུབ་དགོས་པ་ཡིན། རྩེད་མོ་དང་ཀུ་རེའི་ཁྲོད་དུའང་། ཕ་མས་བུ་ཕྲུག་ལ་བག་ཆགས་བཟང་པོ་འཇོག་ཐབས་ལ་བརྩོན་དགོས་པ་ནི་ཧ་ཅང་གལ་ཆེ་བ་དཔེར་ན། རོ་མངར་བའི་ཤིང་འབྲས་ཀྱི་ས་བོན་ལས་རོ་མངར་བའི་ཤིང་སྡོང་སྐྱེ་ཤིང་། ཤིང་སྡོང་དེ་ལས་སླར་ཡང་རོ་མངར་བའི་ཤིང་འབྲས་སྨིན་གྱི་ཡོད་པ་བཞིན། རང་ཉིད་ཀྱི་བུ་རབས་ཚ་རྒྱུད་ཀྱི་མདུན་ལམ་དང་ལས་དབང་ལ་བསྒྱུར་བཅོས་གཏོང་བར་འདོད་པའི་ཕ་མ་ཚོས་བུ་ཕྲུག་གི་སེམས་ཁམས་དང་མི་འཚམ་པའི་ཀུ་རེ་བཤད་པ་དང་རྩེད་མོ་རྩེ་མི་ཉན་པ་ཤེས་དགོས་སོ།།

 

Contact

Administrator 416-453-9887 admin@wildyaks.com