བྱིས་པའི་རང་གཤིས་སྐྱོང་ཐབས་སྐོར་གྱི་རྒྱུན་ཤེས་དང་ཕ་མའི་འོས་འགན།

བྱིས་པའི་རང་གཤིས་སྐྱོང་ཐབས་སྐོར་གྱི་རྒྱུན་ཤེས་དང་ཕ་མའི་འོས་འགན།

 

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་(Nancy Pelosi) མཆོག་གིས་ནམ་རྒྱུན་གསར་འགོད་གསར་བསྒྲགས་གནང་བའི་སྐབས་སུ། ཁོ་མོས་སྲིད་ཇུས་གསར་བ་ཞིག་གཏན་འབེབས་བྱེད་པའི་སྐབས་སུ། ཨ་རིའི་བྱིས་པ་ཚོའི་མ་འོངས་པ་ལ་བསམ་བློ་གཙོ་བོ་གཏོང་གི་ཡོད་ཅེས་གསུང་གི་ཡོད་པ་ལྟར། བྱིས་པ་ནི་ཕ་མའི་རེ་བ་དང་ཁྱིམ་ཚང་གི་མ་འོངས་པ་ཡིན། སྐད་ཡིག་རིག་གནས་ཀྱི་བདག་པོ་དང་མི་རིགས་ཀྱི་ཤུལ་འཛིན་པ་ཡིན། བྱིས་པའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་བྱིས་པ་ལ་ཤུགས་རྐྱེན་ཆེ་བའི་མི་དེ་ནི་ཕ་མ་ཡིན་ཞིང་། ཕ་མའི་མི་ཚེའི་ཁྲོད་ཀྱི་འོས་འགན་ཆེས་ཤོས་དེ་ནི་བྱིས་པ་ཚད་ལྡན་ཞིག་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་པ་རེད། དེས་ན་ཕ་མས་བྱིས་པ་གསོ་སྐྱོང་བྱེད་སྟངས་ཀྱི་ཐབས་ལམ་སྐོར་ལ་སློབ་སྦྱོང་ལེགས་པོ་བྱས་ཏེ་བྱིས་སྐྱོང་གི་གོ་རིམ་ཁྲོད་དུ་ལག་བསྟར་བྱེད་དགོས་པ་ཡིན། དེ་ལྟར་ན་ཕ་མས་ཐོག་མར་ཤེས་དགོས་པའི་གནད་དོན་གལ་ཆེན་པོ་ཞིག་ནི་བྱིས་པ་ཆུང་ཆུང་གི་སེམས་ཀྱི་རང་བཞིན་ག་འདྲ་ཞིག་ཡིན་པ་དང་། རང་ཉིད་ཀྱི་ལུས་ངག་གི་སྤྱོད་པས་བྱིས་པ་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་སྐོར་གསལ་བོ་ཤེས་དགོས་ཤིང་། བྱིས་པ་དང་མཉམ་དུ་དུས་ཚོད་མང་བོ་བསྐྱལ་ཏེ་འགྲོག་འདྲིས་ཀྱི་ལམ་ནས་བྱིས་པའི་སེམས་ཁམས་ལ་རྒྱུས་ལོན་གསལ་བོ་བྱས་ནས་བྱིས་པའི་ཁམས་དང་མོས་པའི་སྐོར་ལ་ཤེས་རྟོགས་ཡག་པོ་ཡོད་པའི་སྒོ་ནས་བྱིས་པའི་རང་གཤིས་སྐྱོང་དགོས་པ་ནི་ཧ་ཅང་གལ་ཆེའོ།།  

 

སྐྱེས་མཆོག་ལྷ་མོ་དོན་གྲུབ་ཚང་གིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཤེས་པའི་་དཔེ་ཆའི་སྔོན་གླེང་དུ་ང་ཚོར་ཐོག་མ་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་མེད་ཀྱང་ཕྲུ་གུའི་གནས་སྐབས་ནས་གཞན་ལ་བརྩེ་བ་དང་། བྱམས་པ། ཕན་སེམས་དང་། བཟོད་སྒོམ་སོགས་རང་རྒྱུད་ལ་ངང་གིས་ཡོད་པ་དང་། དེ་དག་དང་འབྲེལ་བའི་ལུས་ངག་གི་བྱ་སྤྱོད་ཀྱང་རང་ཆས་སུ་ཡོད་ཅེས་གསུངས་པ་ལྟར། བྱིས་པ་ནི་རང་བཞིན་མི་དགེ་བའི་སྐྱོན་གྱིས་མ་གོས་པའི་སེམས་ཁམས་གཙང་མ་ཞིག་ཡིན་པ་དང་། བྱིས་པ་ཆུང་དུས་མཛེས་དཔྱོད་ཀྱི་ལྟ་བ་དང་རིན་ཐང་གི་ལྟ་བ་ཟེར་བ་ཞིག་མེད་པར་བཤད། ཉི་གཞོན་གྱིས་སྒྲིག་སྒྱུར་བྱས་པའི་ཡ་ཧུ་དཱ་པའི་སློབ་གསོའི་མན་ངག་ཅེས་པའི་དཔེ་ཆ་དེའི་ལེའུ་དང་པོ། བྱིས་བློ་ཞིམ་མངར་སྦྲང་རྩིས་གསོ་ཞེས་པ་དེའི་ནང་དུ་བྱིས་པའི་སེམས་ཁམས་ནི་ཞིང་ས་ལེབ་མོ་ཞིག་དང་འདྲ་ཞིང་། ཞིང་ས་དེར་བདག་གཅེས་མ་བྱས་པར་གཡུགས་བཞག་པ་ཡིན་ན། ཞིང་ས་དེའི་ནང་དུ་རྩྭ་ལྡུམ་གྱིས་ཁེངས་འགྲོ་བ་ཡིན་ཞེས་དང་། ཞིང་ས་དེར་བདག་གཅེས་ཡག་པོ་བྱས་ཏེ་ལོ་ཏོག་བཏབ་པ་ཡིན་ན། རྩྭ་ལྡུམ་གྱི་ནུས་པ་ཇེ་ཆུང་དུ་འགྲོ་བ་ཡིན་ཞེས་གསུངས་པ་ལྟར། བྱིས་པའི་སེམས་ཀྱི་རང་གཤིས་གསོ་སྐྱོང་བྱས་ཏེ་བདག་གཅེས་ཡག་པོ་བྱེད་མ་ཐུབ་ན། བྱིས་སེམས་ལ་མི་དགེ་བ་དང་ཉེས་སྐྱོན་གྱི་ཤན་ཤུགས་ཐེབས་སླ་བ་ཡིན། ཡང་བྱིས་པའི་སེམས་ཁམས་རིག་པ་ཚོས་བྱིས་པའི་སེམས་ནི་དཀར་གཙང་གི་རས་གཞི་ལྟ་བུ་ཞིག་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་། རས་གཞི་དེའི་སྟེང་དུ་རི་མོ་ག་འདྲ་ཞིག་འབྲི་མིན་དེ་ཕ་མ་གཉིས་ལ་རག་ལས་པ་ཞིག་རེད་ཅེས་གསུང་གི་ཡོད། དེ་ལྟར་ན་ཕ་མ་གཉིས་ཀྱིས་ཐབས་ཤེས་སྣ་ཚོགས་ཀྱིས་བྱིས་པ་འཚར་ལོངས་འབྱུང་སའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཏེ་བྱིས་པའི་རང་གཤིས་ལ་ཤུགས་རྐྱེན་ངན་པ་ཐེབས་སུ་འཇུག་མི་ཉན་ནོ།།  

 

ཐེ་ཝན་གྱི་དགེ་རྒན་ཆེན་མོ་ཧུང་ལན་གྱིས་བརྩམས་ཤིང་བོད་ཀྱི་བུད་མེད་སློབ་གསོ་བ་འོད་ཟེར་མཚོ་ལགས་ཀྱིས་བསྒྱུར་བའི་བྱིས་སྐྱོང་སློབ་གསོའི་དཔེ་དེབ། བྱིས་པ་བཟང་བོར་སྐྱོང་བ་ལ། སྐྱེས་ཐོབ་མི་གཙོ་སྦྱོང་ཐོབ་གཙོ་ཞེས་པའི་དེབ་དེའི་ཤོག་ངོས་༢༩་ནང་དུ་བྱིས་པ་ཆུང་ཆུང་ལ་རིན་ཐང་ལྟ་བ་ཆགས་མེད་པས། བདེན་རྫུན་གྱི་དབྱེ་བ་འབྱེད་མི་ཤེས་གསུངས་འདུག་པ་ལྟར། བྱིས་པ་ཆུང་ཆུང་ནི་རང་གཤིས་དྲང་ཞིང་གཡོ་རྒྱུ་མེད་མཁན་ཞིག་ཡིན་པ་དང་། ཁོ་ཚོས་གཡོ་ཟོལ་གྱི་སྐད་ཆ་དང་རྫུན་བཤད་ཤེས་ཀྱི་མེད་པ་རེད། དེར་བརྟེན་ཕ་མས་བྱིས་པས་བཤད་པའི་སྐད་ཆ་སྣང་མེད་དུ་མི་གཏོང་བར་བརྩི་བཀུར་བྱས་ཏེ་དོ་སྣང་སྤྲོད་དགོས་པ་ཡིན། དེ་ལྟར་བྱས་པ་ཡིན་ན། བྱིས་པའི་ལྷད་མེད་པའི་རང་གཤིས་དྲང་མོ་དེ་གསོ་སྐྱོང་ཡག་པོ་བྱེད་ཐུབ་ཅིང་། མ་འོངས་པར་དར་མའི་གནས་སྐབས་སུ་བྱིས་པའི་མི་ཚེའི་ནང་དུ་དཀའ་ངལ་ཉུང་ཞིང་ལམ་འགྲོ་མང་བོ་འབྱུང་བར་ཕན་ཐོགས་ཆེན་པོ་ཡོད། ཕ་མ་ནི་བྱིས་སེམས་ཀྱི་ཡིད་ཆེས་བཅོལ་ས་ཡིན་པས། གུ་རེའི་ཚུལ་དུའང་བུ་ཕྲུག་ལ་སྐྱག་རྫུན་མི་བཤད་པར། དུས་རྟག་ཏུ་སྐད་ཆ་དྲང་པོ་བཤད་དགོས་པ་ཡིན། གལ་སྲིད་ཕ་མས་རྩེད་མོའི་ཚུལ་དུ་སྐྱག་རྫུན་ཞིག་བཤད་པ་ཡིན་ན། བུ་ཕྲུག་གིས་བདེན་པར་འཛིན་སྲིད་པ་དང་དེ་ལ་སློབ་གསོའི་མཇུག་འབྲས་ཡག་པོ་མེད། ཨ་རིའི་སེམས་ཁམས་རིག་པའི་དུས་དེབ་(Psychology Today) ཞེས་པ་དེའི་ནང་དུ་བྱིས་པ་སྐྱོང་སྟངས་ཆེས་ཡག་ཤོས་དེ་ནི་ཕ་མས་རང་ཉིད་ལ་ཚོད་འཛིན་བྱེད་འགོ་བཙུགས་ཏེ་བྱིས་པར་ཚོད་འཛིན་བྱེད་མཚམས་འཇོག་རྒྱུ་དེ་ཡིན་ཞེས་གསུངས་འདུག དེ་ལྟར་ན་ཕ་མས་བུ་ཕྲུག་གི་རང་དབང་ལ་བརྩི་བཀུར་བྱས་ཏེ་བུ་ཕྲུག་གི་ཁོར་ཡུག་ནས་མིའི་སྐྱོན་ཆ་མི་གླེང་བར་བཟང་ཆའི་ཕྱོགས་ནས་གླེང་དགོས། དེ་ནི་བུ་ཕྲུག་གི་སེམས་ཁམས་ལ་བག་ཆགས་ཡག་པོ་འཇོག་ཐབས་ཤིག་ཡིན། གལ་སྲིད་བུ་ཕྲུག་ཡ་རབས་ཤིག་འཚར་ལོངས་བྱུང་བ་ཡིན་ན། མ་འོངས་པར་མི་དང་མིའི་བར་གྱི་འབྲེལ་ལམ་ཇེ་བཟང་དུ་འགྲོ་བ་དང་། འཆམ་མཐུན་ཡོད་པའི་སྤྱི་ཚོགས་ཤིག་བཟོ་བསྐྲུན་བྱེད་ཐུབ་པ་ཡིན། ལྷག་པར་དུ་བུ་ཕྲུག་གི་མ་འོངས་པའི་འཚོ་བའི་ཁྲོད་དུ་བདེ་སྐྱིད་འབྱུང་བར་ཕན་ཐོགས་རྒྱ་ཆེན་པོ་ཡོད་དོ།། 

 

བྱིས་སྐྱོང་ཉམས་ཞིབ་པ་ཚོས་བྱིས་པ་ནི་ཕ་མའི་དཔེ་མཚོན་གྱི་རྗེས་སུ་འབྲངས་བ་ལས་ཕ་མའི་བཤད་པའི་སྐད་ལ་དེ་ཙམ་ཉན་མཁན་ཞིག་མིན་ཞེས་བརྗོད་ཀྱི་ཡོད་པ་ལྟར། བྱིས་པ་ཆུང་ཆུང་ལ་མཛེས་དཔྱོད་ཀྱི་ལྟ་བ་དང་ལེགས་ཉེས་དབྱེ་འབྱེད་ཀྱི་རིག་པའི་རྐང་ཆགས་མེད་པར་བཤད། དེར་བརྟེན་ཕ་མ་གཉིས་ཀྱིས་བུ་ཕྲུག་ལ་དཔེ་བསྟན་ཏེ་ལེགས་པའི་ལམ་སྟོན་དགོས་པ་གལ་ཆེ། ཕྱི་གླིང་གི་སློབ་གསོ་བ་ཚོར་ཡོངས་གྲགས་སུ་བྱིས་པ་ལད་ཟློས་ལ་དགའ། ལད་ཟློས་བྱེད་ཡུལ་ཕ་མ་ཡིན། ཕ་མས་རང་ཉིད་བུ་ཕྲུག་ལ་ལད་ཟློས་བྱེད་ཡུལ་ཡང་དག་པ་ཞིག་བྱེད་དགོས་ཞེས་ལབ་སྲོལ་ཡོད་པ་བཞིན། ཕ་མས་རང་གི་བུ་ཕྲུག་དང་མཉམ་དུ་དུས་ཚོད་མང་བོ་བསྐྱལ་ཏེ་འགྲོགས་འདྲིས་ཀྱི་ལམ་ནས་ཡ་རབས་སྤྱོད་བཟང་དང་བྱམས་སྙིང་རྗེ་ལ་སོགས་པའི་མི་རིགས་མཚོན་རྟགས་རྣམས་ལག་ལེན་ཁྲོད་ནས་རྒྱུད་འཛིན་བྱས་ཏེ་བུ་ཕྲུག་ལ་མིག་ལྟོས་ཡག་པོ་འཇོག་དགོས། དེང་རབས་ཀྱི་ཉམས་ཞིབ་པ་ཚོས་བྱིས་པའི་སེམས་ཁམས་སུ་མི་གཤིས་ཀྱི་སྐྱ་ཐིག་ཐོག་མར་འདེབས་མཁན་དེ་ཕ་མ་གཉིས་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་ལ་བསམ་གཞིག་གཏོང་འོས་ཤིང་། ཕ་མའི་ཀུན་སྤྱོད་ཀྱིས་བྱིས་པའི་ལུས་ངག་ཡིད་གསུམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་ཤེས་དགོས། ཕ་མ་ལ་ཀུན་སྤྱོད་ཡག་པོ་མེད་པ་ཡིན་ན། བུ་ཕྲུག་ཕ་མའི་རྗེས་སུ་འབྲང་ནས་ལམ་ལོག་ཏུ་འགྲོ་སྲིད་ཡིན་པར་བཤད། དེ་ལྟར་ན་ཕ་མས་བུ་ཕྲུག་གི་རང་གཤིས་གསོ་སྐྱོང་བྱེད་པའི་སྐབས་སུ་བུ་ཕྲུག་ལ་ཚད་ལས་བརྒལ་བའི་ཚོད་འཛིན་དང་བུ་ཕྲུག་གི་སེམས་ཁམས་ལ་བཙན་གྱིས་དབང་བསྒྱུར་མི་ཉན་པ་ངེས་པར་དུ་ཤེས་དགོས་སོ།།  

 

 

ཕྱི་རྒྱལ་དུ་འཚོ་བ་སྐྱེལ་བཞིན་པའི་བོད་པའི་ཕ་མ་མང་བོས་མི་གཞན་ལ་ཁ་བརྡ་བྱེད་པའི་སྐབས་སུ་ཁོ་ཚོ་ཕྱི་རྒྱལ་ཏུ་ཡོང་དོན་ནི་བུ་ཕྲུག་གི་ཆེད་དུ་ཡིན་ཞེས་བཤད་ཀྱི་ཡོད། དེ་ལྟར་ན་ཕ་མའི་མ་འོངས་པའི་རེ་བ་དང་འདུན་མ་བཅོལ་ཡུལ་ནི་རང་གི་བུ་ཕྲུག་དེ་ཡིན་ཞིང་། བུ་ཕྲུག་གསོ་སྐྱོང་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན། དེ་ནི་ཕ་མ་གཉིས་ཀྱི་བདེ་སྐྱིད་ངོ་མ་དེ་ཡིན་པ་མ་ཟད། བུ་ཕྲུག་གི་ཆེད་དུ་ཕྱི་རྒྱལ་ལ་ཡོང་བ་ཡིན་ལབ་པ་དེ་དོན་ལ་གནས་པ་རེད། དེ་ལྟར་ན་བོད་པའི་ཕ་མ་ཚོའི་ཁ་ནས་བཤད་པ་བཞིན། ལག་ལེན་དངོས་ཀྱི་སྟེང་ནས་བུ་ཕྲུག་ཆུང་ཆུང་ཡིན་པའི་སྐབས་ནས་འགན་ཁུར་ཏེ་བུ་ཕྲུག་བོད་པ་ཡིན་པའི་ཐོབ་ཐང་ལ་བརྩི་བཀུར་ཞུས་ཏེ་བོད་སྐད་ཡིག་གིས་མཚོན་པའི་བོད་ཀྱི་རིག་གནས་ཀྱི་བག་ཆགས་བུ་ཕྲུག་གི་རྒྱུད་ལ་ཡག་པོ་ཞིག་འཇོག་དགོས་པ་ཧ་གོ་དགོས། དེ་བཞིན་དུ་བུ་ཕྲུག་གི་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ། ཁོ་འམ་ཁོ་མོའི་རང་གཤིས་སྐྱོང་ཐབས་ཀྱི་ཐབས་ལམ་ལ་ཤུགས་བརྒྱབ་ཏེ་བུ་ཕྲུག་ལ་བག་ཆགས་ཡག་པོ་འཇོག་དགོས་པ་ཡིན། དེ་ལྟར་ན་བུ་ཕྲུག་དང་མཉམ་དུ་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཏེ་འགྲོགས་འདྲིས་ཀྱི་ལམ་ནས་བུ་ཕྲུག་གི་རྣམ་དཔྱོད་དང་འཇོན་ནུས་གོང་འཕེལ་དུ་འགྲོ་བའི་མཐུན་རྐྱེན་སྤྲོད་པའི་འགན་ཁུར་དགོས་སོ།།

Topic: བྱིས་པའི་རང་གཤིས་སྐྱོང་ཐབས་སྐོར་གྱི་རྒྱུན་ཤེས་དང་ཕ་མའི་འོས་འགན།

No comments found.

New comment

Contact

Administrator 416-453-9887 admin@wildyaks.com