བྱིས་པའི་སེམས་ནི་ཤེས་འདོད་ཆེ་ཞིང་བསྡུ་ལེན་གྱི་ནུས་པ་ལྡན་པ་ཞིག་ཡིན།

 

བོད་པའི་སྤྱི་ཚོགས་དྲ་ལམ་དུ་བྱིས་སྐྱོང་སློབ་གསོའི་སྐོར་ནས་ལམ་སྟོན་གནང་མཁན་དང་གསུང་བཤད་གནང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྣང་ཚུལ་ཞིག་འདུག དེ་ནི་མི་རབས་རྗེས་མའི་མདུན་ལམ་གྱི་གལ་ཆེའི་རང་བཞིན་རྟོགས་མཁན་ཇེ་མང་དུ་འགྲོ་བཞིན་པའི་མཚོན་རྟགས་ཤིག་ཡིན་ཞིང་། དེ་ནི་བོད་མི་རིགས་ལ་མཚོན་ན་ཧ་ཅང་དགའ་སྤྲོ་སྐྱེ་འོས་པའི་གནས་ཚུལ་ཞིག་ཀྱང་ཡིན། ཡིན་ནའང་ལམ་སྟོན་གནང་མཁན་མང་བོས་ཀུན་སྤྱོད་སྐོར་ཀྱི་སློབ་གསོ་གཙོ་བོར་གསུང་གི་ཡོད་ཅིང་། མང་ཆེ་ཤོས་ཀྱིས་སྤྱི་བཤད་ཙམ་ལས་བྱེ་བྲག་ཏུ་བྱིས་པ་གསོ་སྐྱོང་གི་ཐབས་ལམ་ལ་སྦྱར་ཏེ་གནད་ལ་འཁེལ་བའི་གསུང་བཤད་གནང་མཁན་ཉུང་ཉུང་ཡིན་པའི་ཚོར་སྣང་བྱུང་། སྤྱིར་མི་ལ་ལམ་སྟོན་བྱེད་མཁན་ཞིག་ཡིན་ན། རང་ཉིད་ཀྱིས་དངོས་སུ་མྱངས་བའི་ཉམས་མྱོང་གསོན་པོ་ཞིག་བཤད་རྒྱུ་མེད་ཀྱང་། གནའ་དེང་གང་རུང་གི་གཞུང་ལུགས་དང་ལྟ་གྲུབ་ཀྱི་རྒྱབ་བརྟེན་བཅོལ་ས་ཤིག་ངེས་པར་དུ་ཡོད་དགོས་པར་སྙམ། དེ་ལྟར་ན་ནང་བསྟན་མཚན་ཉིད་རིག་པ་དང་དེང་རབས་ཀྱི་སེམས་ཁམས་ཚན་རིག་པ་ཚོས་འགྲོ་བ་མིའི་སེམས་ཀྱི་རང་བཞིན་ངོས་འཛིན་བྱེད་ཚུལ་དང་ལྷག་པར་དུ་བྱིས་པའི་སེམས་ཀྱི་ནུས་པའི་སྐོར་ལ་འགྲེལ་བརྗོད་བྱེད་ཚུལ་སྐོར་ཀྱི་རྒྱུན་ཤེས་འགའ་གཤམ་དུ་གླེང་བར་སྤྲོའོ།། 

 

ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་གཉིས་པའི་སྨད་ཆའི་ཤོག་ངོས་༢་ནང་དུ་ཤེས་པའི་ངོ་བོ་ནི་ཕྱི་ནང་གི་ཡུལ་རྣམས་རང་ལ་འཆར་ནུས་ཀྱི་གསལ་བའི་ཁྱད་པར་དང་ལྡན་པ། ཡུལ་རིག་པའི་ཁྱད་པར་དང་ལྡན་པ། མྱོང་བའི་བདག་ཉིད་ཙམ་དུ་གྲུབ་པ་སོགས་འཇོག་པར་གསུངས། དེ་བཞིན་དུ་བྱིས་པའི་སེམས་ཁམས་རིག་པ་བ་ཚོས་བྱིས་པའི་སེམས་ཁམས་ནི་དེང་དུས་ཀྱི་གློག་ཀླད་དང་འདྲ་བར་ཁོར་ཡུག་གི་བྱ་དངོས་ཐམས་ཅད་ཕབ་ལེན་བྱེད་འགྲོ་བར་བཤད། ཡང་བྱིས་སྐྱོང་སློབ་གསོའི་སྐོར་ལ་དོ་སྣང་ཆེ་བའི་ཕ་མ་ཉམས་མྱོང་ཅན་ཚོས། རང་གིས་མ་རིག་མ་ཤེས་པས། བྱིས་པའི་མི་ཤེས་འདོད་པ་འཁྲུལ། ཞེས་སྡོམ་ཚིག་ཀྱང་བཀོད་ཡོད་པ་ལྟར། བྱིས་པ་མ་ཁོག་ཏུ་ཡོད་པའི་སྐབས་ནས་ཐོས་པའི་སློབ་གསོ་མྱོང་གི་ཡོད་པ་དང་། བྱིས་པ་སྐྱེས་ནས་ལོ་གསུམ་གྱི་རིང་ལ་བྱིས་པའི་ཀླད་པ་འཕེལ་རྒྱས་ཧ་ཅང་འགྱོགས་པོར་འགྲོ་བཞིན་པའི་དུས་སྐབས་ཤིན་ཡིན་པ་རེད། དེ་ལྟར་ནའང་། ཡུལ་སྲོལ་རྙིང་བའི་བག་ཆགས་མཐུག་པོ་ཡོད་པའི་བོད་པའི་ཕ་མ་ཚོའི་སྣང་ངོར་བྱིས་པ་ནི་དེ་འདྲའི་བློ་རྣོ་ཞིང་རིག་པ་གསལ་བ་ཞིག་ཡིན་པ་ཤེས་ཀྱི་མེད། དེར་བརྟེན་ཁོ་ཚོས་བྱིས་པ་ལ་ཁ་བརྡ་བྱེད་པ་དང་བྱིས་པའི་སྐད་ཆ་ལ་ཉན་པའི་གོམས་སྲོལ་མེད་པ་རེད། ལྷག་པར་དུ་བྱིས་པས་དྲི་བ་དྲིས་པའི་སྐབས་སུ་ལན་མི་འདེབས་པར་སྣང་མེད་བྱེད་ཀྱི་ཡོད། དེ་ནི་བྱིས་པའི་སེམས་ཁམས་སློབ་གསོའི་སྐོར་ལ་དོ་སྣང་བྱེད་པའི་ལམ་དང་ལུགས་སྲོལ་ཡག་པོ་མེད་པ་ལ་ཐུག་ཡོད། དེ་ལྟར་ན་ཕ་མ་ཚོས་ངེས་པར་དུ་ཤེས་རྟོགས་བྱེད་དགོས་པའི་གནས་ཚུལ་ཞིག་ནི། བྱིས་པས་རང་ཉིད་འཚར་ལོངས་བྱེད་སའི་ཁྱིམ་ཚང་གི་ཁོར་ཡུག་གི་མིའི་བྱ་སྤྱོད་དང་བྱ་དངོས་ཀྱི་མདོག་དབྱིབས་ལ་མིག་གིས་ལྟ་བ་དང་ལག་པས་རེག་པ་སོགས་བྱས་ཏེ་དངོས་པོའི་གནས་ལུགས་ལ་བརྟག་དཔྱོད་དང་ཞིབ་འཇུག་བྱེད་ཀྱི་ཡོད་པར་བཤད། དེང་རབས་ཀྱི་སེམས་ཁམས་ཚན་རིག་པ་བ་ཚོས་བྱིས་པ་ནི་ཚན་རིག་པ་ཆུང་ཆུང་ཞིག་ཡིན་ཞིང་། དྲི་བ་མང་བོ་འདྲི་བ་ནི་བྱིས་པའི་རང་གཤིས་ཡིན་ཞེས་བརྗོད་ཀྱི་ཡོད། དེ་ལྟར་ན་་བྱིས་པས་ཤེས་འདོད་ཀྱིས་དྲི་བ་དྲིས་པའི་སྐབས་སུ། ཕ་མས་གོ་སྐབས་བཟུང་སྟེ་དྲིས་ལན་ཡག་པོ་འདེབས་དགོས་ཤིང་། བྱིས་པའི་རང་གཤིས་ལ་བརྩི་བཀུར་དང་བྱིས་པའི་བློའི་ནུས་པ་འཕྲོ་བརླག་ཏུ་འགྲོ་རུ་མི་འཇུག་པར། བྱིས་པ་བསྐྱེད་སྲིང་ཚད་དང་ལྡན་པ་ཞིག་བྱེད་དགོས་པ་ཡིན་ནོ།།   

 

བྱིས་པར་ཆ་རྒྱུས་མེད་ན་སྐྱོང་དཀའ། ནད་ལ་ཆ་རྒྱུས་མེད་ན་བཅོས་དཀའ་ཟེར་བ་ལྟར། བུ་ཕྲུག་ལ་ཆ་རྒྱུས་ཡག་པོ་མེད་མཁན་གྱི་ཕ་མ་ཚོས་བུ་ཕྲུག་ཡག་པོ་གསོ་སྐྱོང་བྱེད་དཀའ་ཞིང་། བུ་ཕྲུག་ལ་རྒྱབ་སྐྱོར་ཡག་པོ་བྱེད་མི་ཐུབ་པ་ཡིན། དེ་ལྟར་ན་ཕ་མས་བུ་ཕྲུག་དང་ལྷན་དུ་དུས་ཚོད་མང་བོ་བསྐྱལ་ཏེ་བུ་ཕྲུག་གི་སེམས་ཀྱི་རང་བཞིན་སྐོར་ཤེས་ རྟོགས་དང་རྒྱུས་ལོན་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན། ཚན་རིག་པ་གྲགས་ཅན་ཨལ་བྷུར་ཊི་ཨ་ཡེན་སུ་ཐན་(AlbertEinstein) མཆོག་གིས་ཡོད་ཚད་འཆར་སྣང་ལ་རག་ལས་པ་ཞིག་ཡིན་ཞེས་གསུངས་ཡོད་པ་ལྟར། བྱིས་པ་ཞིག་ལ་མཚོན་ན་འཆར་སྣང་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་ཞིང་། དོན་དངོས་སུའང་བྱིས་པ་ནི་འཆར་སྣང་མང་བའི་རང་གཤིས་ཅན་ཞིག་ཡིན་པ་རེད། གཙོ་ཆེ་ཤོས་དེ་ཕ་མ་ཚོས་བྱིས་པའི་འཆར་སྣང་ལ་འགོག་རྐྱེན་བཟོ་མི་ཉན་པ་དེ་ཤེས་དགོས་པ་ཡིན། དེ་བཞིན་དུ་ཐེ་ཝན་གྱི་དགེ་རྒན་ཆེན་མོ་ཧུང་ལན་གྱིས་བརྩམས་ཤིང་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་འཚོས་བསྒྱུར་བའི་དཔེ་ཆ་ཁ་བྱང་ལ། བྱིས་པ་བཟང་བོ་སྐྱོང་བ་ལ། སྐྱེས་ཐོབ་མི་གཙོ་སྦྱོང་ཐོབ་གཙོ་ཞེས་པའི་དེབ་དེའི་ཤོག་ངོས་༡༢་པའི་ནང་དུ། འཆར་སྣང་གི་ནུས་པ་ནི་གསར་གཏོད་ཀྱི་ནུས་པའི་འབྱུང་ཁུངས་ཡིན།  འཆར་སྣང་གི་ནུས་པ་མེད་ན་གསར་གཏོད་ཀྱི་བསམ་བློ་ཡོད་མི་སྲིད་ཅེས་བྲིས་འདུག་པ་དང་། ཡང་དཔེ་ཆ་དེའི་ནང་དུ་དུས་རབས་ཉེར་གཅིག་པ་ནི་འགྲན་རྩོད་དང་གསར་གཏོད་ཀྱི་ནུས་པ་ལ་རག་ལས་པའི་དུས་རབས་ཤིག་ཡིན་ཞེས་གསུངས་འདུག དེས་ན་ཕ་མ་ཚོས་བྱིས་པའི་གསར་གཏོད་ཀྱི་ནུས་པའི་འབྱུར་ཁུངས་དེ་འཆར་སྣང་ལ་ཐུག་ཡོད་པ་ཤེས་པའི་སྒོ་ནས་བུ་ཕྲུག་གི་འཆར་སྣང་གོང་སྤེལ་དུ་གཏོང་ཐབས་བྱེད་དགོས་། ཡང་འཛམ་གླིང་གི་ཚན་རིག་པ་གྲགས་ཅན་ཨལ་བྷུར་ཊི་ཨ་ཡེན་སུ་ཐན་(Albert Einstein) མཆོག་གིས་གལ་སྲིད་ཁྱེད་ལ་རང་གི་བུ་ཕྲུག་དེ་ཤེས་རབ་ཅན་ཞིག་ཏུ་འགྱུར་བར་འདོད་ན། བུ་ཕྲུག་ལ་རྟོག་སྒྲུང་ཀློགས། གལ་སྲིད་ཤེས་རབ་ཆེ་བ་དང་མྱུར་བ་ཞིག་ཏུ་འགྱུར་བར་འདོད་ན། བུ་ཕྲུག་ལ་རྟོག་སྒྲུང་མང་བོ་ཀློགས་ཞེས་གསུངས་ཡོད། བྱིས་པ་ལ་རྟོག་སྒྲུང་སྣ་ཚོགས་ཀློག་རྒྱུ་དེ་ཡང་བྱིས་པའི་འཆར་སྣང་གི་ནུས་པ་གོང་སྤེལ་དུ་གཏོང་བའི་ཐབས་ལམ་ཞིག་ཡིན་པ་ཤེས་དགོས། དེ་ལྟར་ན་ཕ་མ་ཚོས་རང་གི་བུ་ཕྲུག་ནི་འཆར་སྣང་མང་བའི་ཚན་རིག་པ་ཆུང་ཆུང་ཞིག་ཡིན་པ་དང་ཁྱིམ་ཚང་ནི་བུ་ཕྲུག་གི་ཚན་རིག་ཚོད་ལྟ་ཁང་དེ་ཡིན་པ་ཧ་གོ་བའི་སྒོ་ནས་བུ་ཕྲུག་གི་ཤེས་འདོད་ཆེ་བའི་རང་གཤིས་བསྐྱེད་སྲིང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེའོ།།  

 

དེ་ཡང་ཚད་མ་རྣམ་འགྲེལ་ལས། རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། ཇི་ལྟར་ཡོད་དེ་འཛིན་པ་དང་། ཞེས་གསུངས་པ་ལྟར། ཤེས་པ་ཞེས་པ་ནི་ཡུལ་འཛིན་པ་འམ་ཡུལ་རིག་པའི་སྒོ་ནས་འཇོག་པར་གསུངས་ཞེས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་གཉིས་པའི་སྨད་ཆའི་ཤོག་ངོས་༩་བའི་ནང་དུ་གསལ། བྱིས་པས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བའི་བྱ་དངོས་ཐམས་ཅད་བྱིས་པའི་རྣམ་ཤེས་ཀྱི་འཛིན་ཞིང་སེམས་ཁམས་སུ་གྲུབ་འགྲོ་བ་ཡིན། དེ་ནས་འཇར་མན་གྱི་བྱིས་སྐྱོང་སློབ་གསོ་བ་ཁའར་ཝེ་ཐིས་བྲིས་ཤིང་སྐུ་ཞབས་ཞོགས་དུང་ལགས་ཀྱིས་བསྒྱུར་བའི་སྦྱངས་ཐོབ་སློབ་གསོའི་མན་ངག་ཅེས་པའི་དཔེ་ཆ་དེའི་ཤོག་ངོས་ཉེར་བདུན་པར། བྱིས་པ་སྐྱེས་བ་དང་ལྷན་དུ་སློབ་ གསོ་སྤྲད་པ་ཡིན་ན། བྱིས་པ་ནར་སོན་དུས་བྱིས་པའི་ཀླད་པའི་ནུས་པ་བརྒྱ་ཆ་བརྒྱ་བཀོལ་སྤྱོད་བྱེད་ཐུབ་པར་བཤད་ཡོད། དེ་བཞིན་དུ་ཐེ་ཝན་གྱི་དགེ་རྒན་ཆེན་མོ་ཧུང་ལན་གྱིས་བརྩམས་ཤིང་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་འཚོས་བསྒྱུར་བའི་དཔེ་ཆ་ཁ་བྱང་ལ། བྱིས་པ་བཟང་བོ་སྐྱོང་བ་ལ། སྐྱེས་ཐོབ་མི་གཙོ་སྦྱོང་ཐོབ་གཙོ་ཞེས་པའི་དེབ་ཀྱི་ཤོག་ངོས་༢༢༢ ནང་དུ་མི་རྒན་པོ་ཚོའི་སེམས་སུ་བྱིས་པ་ཚོས་ཅི་ཡང་མི་ཤེས་སྙམ་སྟེ་བྱིས་པ་ཚོར་སློབ་གསོ་སྤྲོད་ཕོད་ཀྱི་མེད་མོད། དོན་དངོས་སུ། བྱིས་པ་ཚོ་པ་ནི་མི་རྒན་པའི་བསམ་ཡུལ་ལས་འདས་པའི་བློ་རྣོན་པོ་ཅན་ཞིག་རེད་ཅེས་གསུངས་འདུག་པ་དང་། ཡང་དཔེ་ཆ་དེའི་ཤོག་ངོས་༢༢༣ ནང་དུ་བྱིས་པའི་རིག་སྟོབས་དེ་བྱིས་པ་ཚོས་ལོ་གསུམ་ཡར་སྔོན་ལ་ཐོས་མྱོང་བའི་མིང་ཚིག་གི་མང་ཉུང་དང་འབྲེལ་བ་ཡོད་པ་རེད་ཅེས་གསུངས་འདུག་དེ་ལྟར་ན་ཕ་མས་བུ་ཕྲུག་སྐྱེས་དུས་ནས་སློབ་གསོ་སྤྲོད་འགོ་འཛུགས་པ་དང་བྱིས་པ་ལ་སྐད་ཆ་མང་བོ་བཤད་རྒྱུ་གལ་ཆེ་བ་ཤེས་དགོས། དེ་བཞིན་དུ་བྱིས་སྒྲུང་གླིང་གི་རྐང་འཛིན་དགེ་རྒན་དང་བྱིས་པའི་དེབ་རྩོམ་སྒྲིག་པ་སྐུ་ཞབས་དོན་འགྲུབ་ཚེ་རིང་ལགས་ཀྱིས་བྱིས་པའི་ཤེས་འདོད་ཆེ་བའི་རིག་པ་ནི་དེང་སང་གི་ས་གདན་གཙང་མ་བཟོ་བྱེད་ཀྱི་རྔུབ་ཕྱག(vacuum)ལྟ་བུ་ཞིག་རེད་ཅེས་འགྲེལ་བརྗོད་གནང་གིན་ཡོད་པ་དང་། བུ་ཕྲུག་གི་ལུས་སེམས་ཀྱི་འཕེལ་འགྱུར་སྐོར་ལ་ནམ་རྒྱུན་དོ་སྣང་བྱེད་མཁན་གྱི་ཕ་མ་ཚོས། རང་གིས་མ་རིག་མ་ཤེས་པས། བྱིས་པས་མི་ཤེས་འདོད་པ་འཁྲུལ། ཞེས་ཉམས་མྱོང་གི་སྡོམ་ཚིག་བཀོད་ཡོད། དེ་ལྟར་ན་བོད་པའི་ཕ་མ་ཚོས་བྱིས་པ་ནི་ཤེས་འདོད་ཆེ་ཞིང་ཧུར་བརྩོན་ཆེ་བའི་རང་གཤིས་ཅན་ཞིག་ཡིན་པ་ཤེས་པར་བྱས་ཏེ་བྱིས་པའི་རིག་སྟོབས་དང་བརྩོན་སེམས་གསོ་སྐྱོང་བྱེད་པའི་བྱེད་ཐབས་ཤེས་དགོས་སོ།།  

 

བྱིས་སྐྱོང་སློབ་གསོའི་སྐོར་ནས་ལམ་སྟོན་གནང་མཁན་དང་གསུང་བཤད་གནང་མཁན་གྱི་བོད་པ་ཞིག་ཡིན་ན་ནང་བསྟན་མཚན་ཉིད་རིག་པ་དང་དེང་རབས་སེམས་ཁམས་རིག་པའི་ལྟ་གྲུབ་ལས་གསུངས་པའི་འགྲོ་བ་མིའི་སེམས་ཀྱི་རང་བཞིན་སྐོར་དང་བྱིས་པའི་སེམས་ཀྱི་ནུས་པའི་སྐོར་གྱི་རྒྱུན་ཤེས་སྐོར་ཤེས་རྟོགས་ཅུང་ཟད་ཡོད་པ་དང་། བྱིས་པ་གསོ་སྐྱོང་བྱས་པའི་ཉམས་མྱོང་ཡོད་མཁན་ཞིག་ཡིན་དགོས་པར་སེམས། སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་ནས། བདག་ཉིད་བདག་གི་མགོན་ཡིན་ཞིང་། ཞེས་གསུངས་པ་ལྟར། མདོར་དེད་ན་བྱིས་པའི་མ་འོངས་པ་ནི་བྱིས་པ་རང་ཉིད་ཀྱི་རྩོལ་ནུས་ལ་རག་ལས་པ་ཡིན་ཞིང་། བྱིས་པའི་བློ་རིག་དང་འཇོན་ནུས་ལ་ཡིད་ཆེས་བྱེད་པ་དང་། བྱིས་པའི་རིག་སྟོབས་གོང་འཕེལ་དུ་འགྲོ་བའི་མཐུན་རྐྱེན་བསྐྲུན་དགོས་པ་ནི་ཕ་མའི་འོས་འགན་ཡིན། དེ་ལྟར་ན་ཕ་མས་དྲོད་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་གསར་བསྐྲུན་གནང་སྟེ་རིག་སྟོབས་བཟང་ཞིང་བརྩོན་སེམས་ཆེ་བའི་བུ་ཕྲུག་ཡ་རབས་ཤིག་གསོ་སྐྱོང་བྱེད་དགོས་པ་ཡིན་ནོ།།

Topic: བྱིས་པའི་སེམས་ནི་ཤེས་འདོད་ཆེ་ཞིང་བསྡུ་ལེན་གྱི་ནུས་པ་ལྡན་པ་ཞིག་ཡིན།

No comments found.

New comment

Contact

Administrator 416-453-9887 admin@wildyaks.com