བློ་རིག་ལྡན་པའི་སྤལ་པ།

 

༄༅ །།གནའ་སྔ་མོ་སྔ་མོ་ཞིག་ལ། སྟག་ཅིག་ཁ་ཟས་འཚོལ་བར་འགྲོ་བཞིན་པའི་སྐབས། ཆུ་འགྲམ་ན་སྤལ་བ་ཞིག་ཡོད་པ་དེས་མཐོང་སྟེ། རང་ཉིད་ཟ་བར་དོགས་ནས་འཇིགས་སྐྲག་ཆེམ་པོ་སྐྱེས། སྤལ་བ་འབྲོ་འདོད་ཀྱང་འབྲོ་ལོང་མ་བྱུང་བར་སྟག་དེ་ཁོའི་ཉེ་སར་བསླེབས།

 


སྤལ་བས་སྟག་ལ། ཨ་རོགས་སྟག་ལགས། ཁྱོད་གང་དུ་འགྲོ་གི་ཡོད་ཞེས་དྲིས། སྟག་ན་རེ། ལུང་བའི་སྟོད་ཀྱི་ནགས་ཚལ་དུ་ཟས་འཚོལ་བར་འགྲོ་གི་ཡོད། ཉི་མ་གསུམ་བཞིའི་རིང་ལ་ཤ་ཟ་རྒྱུ་མ་རེག་པས། ད་ངའི་གྲོད་ཁོག་ལྟོགས་ནས་འཆི་ལ་འདུག། ཁྱོད་བསད་དེ་ཁྱོད་ཀྱི་ཤ་ཟ་ཆོག་ཀྱང་ཁྱོད་འདྲ་བ་ལ་ཤ་ཟ་རྒྱུ་ཅི་ཡང་མི་འདུག། ཡིན་ཡང་། ང་ཤིན་ཏུ་ལྟོགས་པས་ཁྱོད་ཟ་རྒྱུ་ཡིན་ཞེས་ཟེར། སྤལ་བས་སྐད་ཆེན་པོས། བདག་ནི་སྤལ་བའི་རྒྱལ་པོ་ཡིན་པ་ཁྱོད་ཀྱིས་མི་ཤེས་སམ། བདག་ནི་ལྡིང་རྩལ་མཁས་པས་རྒྱ་མཚོའི་མཐའ་ལའང་མཆོང་ཐུབ། དེར་མ་ཟད། ད་དུང་ཁྱོད་ལས་ལྷག་པའི་ནུས་པ་མང་པོ་ང་ལ་ཡོད། ཁྱོད་ཡིད་མི་ཆེས་ན་མཚོ་ཆེན་པོ་འདི་ལ་སུ་ཞིག་མཆོང་ཐུབ་པ་འགྲན་ནོ་ཞེས་ཟེར།

 

 

དེ་ནས་སྟག་མཆོང་གྲབས་བྱེད་སྐབས། སྤལ་བས་མྱུར་དུ་སྟག་གི་རྔ་མ་ལ་སོ་རྒྱབ་ནས་བཟུང་།སྟག་ཆུའི་ཕར་ཁར་མཆོངས་ཏེ་ང་རྒྱལ་དང་ལྡན་པའི་ངང་ཁ་ཕྱིར་འཁོར་ནས་སྤལ་བ་ལ་སྟ་སྐབས། སྤལ་བ་གར་སོང་མེད་པར་གྱུར་། དེ་ནས་སྤལ་བ་སྟག་གི་སྔོན་ལ་བསླེབས་ནས། ཁྱོད་ཅི་ལ་ལྟ་བ་ཡིན་ཞེས་འདྲི་སྐབས། སྤལ་བ་རང་གི་སྔོན་དུ་ཐོན་ཡོད་པ་སྟག་གིས་ད་བཟོད་མཐོང་བ་དང་། སྟག་ཧ་ལས་པར་གྱུར། སྤལ་བས། ད་རེས་ཁྱོད་ཕམ་སོང་། བདག་ལ་རྒྱལ་ཁ་ཐོབ་བྱུང། ད་དུང་ཡང་ངེད་གཉིས་མཆིལ་མ་འཕེན་པར་འགྲན་སྡུར་བྱེད་ཀྱི་ཡིན། སུ་ཞིག་གིས་མཆིལ་མ་རྒྱང་རིང་དུ་འཕེན་ཐུབ་ན་དེ་རྒྱལ་བ་ཡིན་ཞེས་ཟེར། སྟག་གིས་ངས་ཅི་ཡང་ཟས་མེད་པས་ང་ལ་མཆིལ་མ་འཕེན་རྒྱུ་མེད་ཟེར་བ་ན། སྤལ་བས་དེ་མ་ཐག་མཆིལ་མ་འཕངས་པ་ན། སྟག་ཅི་བྱ་རྟོལ་མེད་དུ་གྱུར། སྟག་གིས་སྤལ་བའི་མཆིལ་མའི་ནང་དུ་ལྟ་སྐབས་སྟག་སྤུ་ཁ་ཤས་འདུག་པ་མཐོང་སྟེ་ཅིའི་ཕྱིར་ཁྱོད་ཀྱི་མཆིལ་མའི་ནང་དུ་སྟག་གི་སྤུ་འདུག་ཅེས་དྲིས། སྦལ་བས་སྤོབས་པ་ཆེན་པོ་སྒོ་ནས་ཁ་སང་ངས་སྟག་ཅིག་བསད་དེ་ཟོས་པ་ཡིན་ཅེས་བཤད་པ་ན། སྟག་སྐྲག་ཐག་ཆོད་དེ་བྲོས་སོང་།

 


སྟག་འབྲོས་བའི་ལམ་བར་ནས་ཝ་མོ་ཞིག་ལ་ཐུག་པ་དང་། ཝ་མོས། ཁྱོད་ཅི་ཞིག་ལ་འབྲོས་པ་ཡིན་ཞེས་དྲིས། སྟག་གིས་དངངས་འཚབ་དང་བཅས་ཏེ་ན་རེ། ང་སྤལ་བའི་རྒྱལ་པོ་དང་ཐུག་སོང་། དེ་ལ་ནུས་རྩལ་མང་པོ་ཡོད་པས་སྟག་གསོད་ཐུབ་ལ། མཆོང་ན་རྩལ་ཡང་ཧ་ཅང་ཆེ་ཟེར།ཝ་མོས་ཧབ་ཆ་བརྒྱབ་ནས། ཁྱོད་ཀྱིས་ཅི་བཤད་པ་རེད། སྤལ་བ་ཁ་ཆེ་ཞིག་གིས་སྟག་ཅིག་ཇི་ལྟར་གསོད། སྤལ་བ་དེ་ང་ལ་སྟོན་དང་ངས་གསོད་ཆོག་ཅེས་བཤད།སྟག་གི་ལགས་སོ། ཡིན་ན་ཡང་ངེད་གཉིས་སྤལ་བའི་རྒྱལ་པོ་དང་ཐུག་དུས། ཁྱོད་ཀྱིས་ང་བསྐྱུར་ཏེ་འབྲོ་མི་ཆོག་ཅེས་ཟེར་བ་ན། ཝ་མོས། ཁྱོད་ང་ལ་ཡིད་མི་ཆེས་ན། ངེད་གཉིས་ཀྱི་རྐེ་ལ་ཐག་པས་སྤྲེལ་ཏེ་འགྲོ་ཆོག་ཅེས་ཟེར། དེ་ནས་ཁོ་གཉིས་ཀྱི་རྐེ་དམ་པོར་སྤྲེལ་ནས་སྤལ་བ་ཡོད་སར་སོང་།

 

 

སྟག་དང་ཝ་མོ་གཉིས་སྤལ་བའི་ཉེ་སར་ཐོན་ཚེ། སྤལ་བས་སྐད་ཆེན་པོས། ཨ་ཅེ་ཝ་མོ། ཉིན་འགའ་ལ་ཁྱོད་ཀྱིས་ང་སྤལ་བའི་རྒྱལ་བོར་ཁྲལ་མ་འཇལ་བ་ཅི་ཡིན། དེ་རིང་ཁྱོད་ཀྱིས་ང་ལ་ཅི་ཞིག་ཁྱེར་ཡོད།ཁྱོད་ཀྱིས་རྐེ་ལ་བཏགས་པའི་སྟག་དེ་ང་ལ་འབུལ་དུ་ཡོང་བ་ཡིན་ནམ་ཞེས་དྲིས་པ་སྟག་གིས་གོ་རྗེས། ཝ་མོ་འདིས་ང་ཁྲིད་ནས་སྤལ་བའི་རྒྱལ་བོ་ལ་སྤྲོད་རྩིས་རེད་བསམས་ནས་སྐྲག་སྟེ་བྲོས། ཝ་མོའི་རྐེ་སྟག་གི་རྐེ་ལ་སྤྲེལ་ནས་ཡོད་སྟབས་སྟག་གིས་ཝ་མོ་གང་ས་གང་དུ་དྲུད་དྲུད་པའི་མཐར་ཝ་མོ་ཤི་བ་རེད།།

 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Contact

Administrator 416-453-9887 admin@wildyaks.com