མནའ་མ་ཞིག་གི་ཕྱིར་དྲན།

མནའ་མ་ཞིག་གི་ཕྱིར་དྲན།

ང་འབྲོག་མོ་ཞིག་ཡིན། མི་མང་བོ་ཞིག་ལ་ཕན་པའི་ཆེད་དུ་རང་ཉིད་ཀྱི་གནས་ཚུལ་དང་མནའ་མར་སོང་བའི་ཉམས་མྱོང་སྙིང་བསྡུས་ཤིག་བཤད་རྒྱུ་ཡིན། ངའི་བྱིས་དུས་ཀྱི་འཚོ་བ་ནི་ཕ་མ་གཉིས་འཛོམས་ཤིག་མིན། ང་ཆུང་དུས་ནས་ཕ་མ་གཉིས་ཁ་ཁར་གྱེས་ཏེ་རང་རང་ས་ནས་འཁོར་བ་བཟུང་འདུག ང་ལ་ཨ་ཕྱི་དྲིན་ཆེན་ཞིག་ཡོད་པ་དང་ཁོ་མོས་གཅེས་སྐྱོང་ཚད་མེད་བྱས་ཏེ་ང་གསོ་སྐྱོང་གནང་བ་རེད།

ང་ཆུང་ངུའི་སྐབས་སུ་བུ་མོ་ཚོ་སློབ་གྲྭར་གཏོང་སྲོལ་ད་ལྟ་ནང་བཞིན་མི་འདུག་པ་དང་། ངའི་ཨ་ཞང་ཚང་གི་བུ་མོ་ཞིག་སློབ་གྲྭར་འགྲོ་བའི་རྒྱན་ཤོག་བབས་པ་རེད། ཡིན་ནའང་ཨ་ཞང་ཚང་གིས་ཁོ་མོ་སློབ་གྲྭར་གཏོང་མ་འདོད་པར། ང་མོའི་ཚབ་ཏུ་སློབ་གྲྭར་བཏང་བ་རེད། སློབ་གྲྭའི་དགེ་རྒན་ཚོའི་བྱམས་སྐྱོང་དང་རོགས་རམ་འོག་ཏུ་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་འབྲི་ཀློག་ཤེས་པའི་ཚད་ལ་སླེབས་སྐབས་ཤིག་ལ་། ང་སློབ་གྲྭར་འགྲོ་འདོད་ཀྱི་འདུན་པ་དེ་འགག་སོང་། ཨ་ཕྱི་དྲིན་ཅན་དེས་ཀྱང་བུ་མོ་རྒྱ་ཁོག་ཅིག་ལ་མངག་རྒྱུ་ཡོད་པ་མ་རེད་ཅེས་ངའི་འདོད་འདུན་ལ་རྒྱབ་སྐྱོར་བྱས་ཏེ་ལོ་བཅུ་བཞིར་སླེབས་དུས་སློབ་གྲྭར་འགྲོ་མཚམས་བཞག་པ་ཡིན།

 

ང་ལོ་བཅུ་བདུན་ལ་ཐོན་དུས་ས་ཆ་གཞན་ཞིག་ལ་སྨན་རྩ་འཐུ་རུ་སོང་སྟེ་ཁྱིམ་ཚང་ཞིག་གི་རུ་འདབས་སུ་བསྡད། ཁྱིམ་ཚང་དེའི་བློ་ལ་ང་བབས་ཏེ་ཁོ་ཚང་ཤོག་ཅེས་ཡང་ནས་ཡང་དུ་སྐད་བཏང་བ་དང་། ལོ་རྗེས་མའི་ལོ་གསར་སྐབས་སུའང་ཁོ་ཚང་གིས་ང་ལ་སྐད་བཏང་སོང་།དེའི་རྗེས་སུ་ཁོ་ཚང་གི་བུ་ང་ཚོའི་སྡེ་བར་ཡོང་སྟེ་ངའི་སར་ཐེངས་ཁ་ཤས་ལ་ཡོང་སྟེ་ང་ལ་དགའ་བའི་སྐད་ཆ་མང་བོ་བཤད་སོང་། ཡིན་ནའང་ཁོའི་རེ་འདུན་ངས་རྩ་བ་ནས་དང་ལེན་མ་བྱས། དེ་ནས་ཟླ་བ་ཁ་ཤས་ཀྱི་རྗེས་སུ་བུ་དེའི་ཕ་རྒན་གྱི་གཙོས་པའི་མི་སྣ་སྐོར་ཞིག་ངའི་ཨ་ཞང་ཚང་དུ་ང་སློང་དུ་ཡོང་བ་དང་། ང་མི་ཚང་དེར་མནའ་མ་རུ་སྟེར་བཞག་པ་རེད།

མི་ཚང་དེར་སོང་བའི་ལོ་དང་པོའི་ནང་ལ་དམིགས་བསལ་དཀའ་སྡུག་ལ་མ་འཕྲད་པར་སྐྱིད་པོ་བྱུང་། ལོ་གཉིས་པའི་ནང་དུ་ང་ལ་མངལ་འཁོར་བ་དང་། མངའ་ཁུར་བའི་བརྒྱུད་རིམ་ཁྲོད་དུ་ལུས་སེམས་གཉིས་ཀྱིས་དཀའ་སྡུག་མང་བོ་མྱངས་དགོས་བྱུང་། དཔེར་ན་མངལ་ཁུར་ཏེ་ཞོགས་པ་སྔ་བོ་ནས་སེམས་ཅན་བདུན་བཅུ་ལྷག་བཞོས་དགོས་པ་དང་ལས་ཀ་ཉིན་གང་བོར་བྱེད་དགོས་པ་དེ་རེད། ལྷག་པར་དུ་མངལ་འཁོར་ནས་ཟླ་བ་བརྒྱད་པ་དང་དགུ་བའི་སྐབས་སུའང་། ཞོགས་པ་སྔ་བོ་ནས་འོ་མ་བཞོ་བ། ལྕི་བ་འཕེན་པ། འོ་མ་དཀྲུག་པ། ཕྱུར་ར་སྐམ་པ། ཆུ་ལེན་དུ་ཐག་རིང་བོ་འགྲོ་དགོས་པ་སོགས་ལས་ཀ་ཆ་ཚང་བྱེད་དགོས་པ་དེ་རེད། ཉིན་ཞིག་ང་ཆུ་ལེན་དུ་སོང་དུས་ལམ་བར་དུ་ངའི་འགོ་ཆུ་རྡོལ་ཏེ་གསང་དོར་དང་དོར་མ་རློན་པ་བཟོས་སོང་། ཆུ་ཁ་དེ་ནས་དོར་མ་བཀྲུ་ཞོར་དུ་སེམས་ལ་ང་ཕ་མ་དང་མཉམ་དུ་ཡོད་ན་ཅི་རུང་བསམ་སྟེ་གཅིག་པུར་ངུས་ནས་བསྡད་པ་ཡིན། ཕྱིར་ནང་ལ་ཐོན་དུས་ངས་སྒྱུག་མོ་ལ་ངའི་འགོ་ཆུ་རྡོལ་སོང་ཞེས་བཤད་པ་ཡིན། བུད་མེད་ལ་མངལ་ཡོད་པའི་སྐབས་སུ་དེ་ནི་རྒྱུན་ལྡན་རེད་ཟེར། མཚན་དེར་ང་ལ་མངལ་གཟེར་ཏེ་གཉིད་རྩ་བ་ནས་ཡོང་མ་སོང་། མཚན་དཀྱིལ་སྒོར་བུད་དེ་ལྗི་བོང་ཞིག་ལ་རྒྱབ་བསྙེས་ཏེ་མཚན་གང་བོར་བསྡད་པ་ཡིན། ནམ་ལངས་པ་དང་འོ་ཟོ་ཞིག་བཟུང་སྟེ་ཟོག་བཞོ་རུ་སོང་བའི་སྐབས་སུ། གཟེར་ཤུགས་ཆེ་རུ་སོང་སྟེ་ལུས་ཡོངས་ནས་ངུལ་ཆུ་བཞུར་གྱིན་འདུག  དེ་ནས་སྒྱུག་མོ་དང་ངེད་གཉིས་ཀྱིས་རྟ་རེ་བཟུང་སྟེ་རྫོང་སྨན་ཁང་དུ་སོང་ནའང་། ལམ་བར་དུ་ང་ལ་ཕྲུ་གུ་སྐྱེས་སོང་། ཕྲུ་གུ་སྐྱེས་མ་ཐག་སླར་ཡང་རྟ་ཞོན་ཏེ་ཕྱིར་རུ་ནང་དུ་ལོག་པ་ཡིན། རྟ་སྒ་དང་རྟ་སྟན་ཚང་མ་ཁྲག་གིས་གཡོགས་སོང་། ཉིན་གཉིས་ལ་ངལ་གསོ་བྱས་རྗེས་སླར་ཡང་ལས་ཀ་ལ་ཞུགས་པ་ཡིན། དེ་འདྲའི་གནས་སྟངས་འོག་ཏུ་ལོ་རེ་བཞིན་ང་ལ་ཕྲུ་གུ་བཞི་སྐྱེས་པ་རེད།

ཟ་འཐུང་རང་དབང་བྲལ་བའི་སྐད་ཆ་ཁ་ཤས་བཤད་ན་མི་ལོ་ལྔའི་རིང་ལ་ཁྱིམ་ཚང་ནང་དུ་རང་ཉིད་ལ་ཟ་འདོད་པའི་ཟ་མ་ཞིག་བཟོ་མྱོང་མེད།དེ་འདྲའི་བསམ་བློ་འཁོར་ཡང་མ་མྱོང་། སྒྱུག་པོ་དང་སྒྱུག་མོ། ཁྱོ་ག་རྣམས་ཀྱིས་ཟ་མ་ཅི་ཞིག་བཟོས་ལབ་ན་དེ་བཟོ་པ་ལས་རང་བསམ་གྱིས་ཟ་མ་ཞིག་ཐེངས་མ་གཅིག་ལའང་བཟོ་མྱོང་མེད། ཟ་མ་བཟོ་དུས་དཀའ་ངལ་ཞིག་ཡོད་པ་དེ་ནི་སྣུམ་མང་སོང་བ་དང་ཚ་ཉུང་སོང་བ་ལ་སོགས་པའི་སྐྱོན་བརྗོད་ལ་ཉན་དགོས་པ་དེ་དང་། ཟ་འཐུང་ཀྱང་སེམས་ལྷོད་ལ་བབ་སྟེ་འཐུང་བ་ཞིག་དྲན་གྱི་མི་འདུག ཡིན་ནའང་ཁྱོ་ག་ངེད་གཉིས་གཅིག་པོར་སེམས་ཅན་འཚོ་བར་རི་མགོར་ཟླ་བ་འགའ་རེ་སོང་དུས་རང་འདོད་ཀྱིས་ཟ་མ་བཟོ་མྱོང་ཡོད། ཁྱིམ་མི་ཚང་མ་མཉམ་དུ་བཟའ་འཐུང་ལ་རོལ་ཡོད་པའི་སྐབས་སུ་ལྷོད་ལ་བབས་ཏེ་བཟའ་བཏུང་ལ་རོལ་བ་དང་བཟའ་ཚང་གི་ཁ་བརྡའི་ཁྲོད་དུ་ཞུགས་པ་ཡིན་ན་ཁྱོ་ག་ཁོང་ཁྲོ་ལངས་པ་དང་སྐབས་སྐབས་སུ་ལག་ཏུ་གང་ཡོང་གི་ཅ་ལག་གིས་འཕེན་གྱི་རེད། སྐབས་དེ་དག་གི་སྡུག་བསྔལ་ནི་བསམ་བརྗོད་ལས་འདས་པ་ཞིག་རེད།

འགྲོ་འདུག་རང་དབང་གི་ཐད་ནས་བཤད་ན་མི་ལོ་ལྔའི་རིང་ལ་ཕ་ཁྱིམ་དུ་ཐེངས་ལྔ་མ་གཏོགས་འགྲོ་མ་མྱོང་། ལོ་རེ་ལ་ཐེངས་རེ་མ་གཏོགས་མངག་གི་མི་འདུག སྒྱུག་པོ་དང་སྒྱུག་མོ་གཉིས་ཀྱིས་བཀའ་འཁྲོལ་མེད་པར་རང་དབང་གིས་ཕ་ཁྱིམ་དུ་སོང་བ་ཐེངས་གཅིག་མེད། ཕ་ཁྱིམ་དུ་སོང་བའི་སྐབས་སུ་སྒྱུག་པོ་དང་སྒྱུག་མོས་ཉི་མའི་ཁ་གྲངས་བཟུང་བ་ལྟར་ཕྱིར་ལོག་དགོས་ཡོད།  མི་ལོ་ལྔའི་རིང་གྲོགས་པོ་དང་གྲོགས་མོ་ཞིག་གི་ནང་དུ་འགྲོ་བ་འམ། ཁོང་ཚོ་མཉམ་དུ་རང་དབང་གི་དུས་ཚོད་བསྐྱལ་བ་ཞིག་དྲན་གྱི་མི་འདུག

རྒྱུ་ནོར་ལོངས་སུ་སྤྱོད་པའི་ཁེ་དབང་དང་འབྲེལ་བའི་སྐད་ཆ་ཁ་ཤས་བཤད་ན། མི་ཚང་དེར་སོང་ནས་ལོ་ལྔའི་རིང་ལ་སྒོར་མོ་ཞིག་ཕར་ཟད།མར་རྒྱ་མ་གང་ཕྱུར་ར་ཕོར་བ་གང་བཙོང་མ་མྱོང་བ་མ་ཟད། རང་དབང་གིས་ཚོང་རྭར་ཉུལ་བ་དང་ཚོང་ཁང་འགྲིམས་པ་སོགས་བྱེད་མ་མྱོང།ཐ་ན་རང་ཐག་རང་གཅོད་ཀྱིས་གྱོན་པ་ཞིག་ཉོས་པ་དྲན་གྱི་མི་འདུག

ང་མི་ཚང་དེར་སོང་ནས་ལོ་བཞི་བའི་ནང་དུ་ཡུལ་ཕྱོགས་དེར་ཕྱུག་ནད་ཅིག་བྱུང་སྟེ་སེམས་ཅན་མང་བོ་ཤི་བ་དང་། ང་འགྲོ་སའི་མི་ཚང་ལའང་སེམས་ཅན་མང་བོ་ཤི་བ་རེད། སྐབས་དེར་ངའི་ཨ་ཕྱི་དྲིན་ཅན་དེས་སྤྲད་པའི་སྐེ་རྒྱན་ཆུང་ཆུང་ཞིག་ཡོད་པ་དེ་དང་། ཕ་མ་གཉིས་ཀྱིས་བཟོས་པའི་གྱོན་པ་མང་བོ་གདོན་རྫས་སུ་ཕུད་དེ་དུང་ལུམ་བྱས་འདུག གནས་ཚུལ་དེ་ཤེས་དུས་སེམས་ལ་བཟོད་དཀའ་བའི་སྡུག་བསྔལ་དང་ཁོང་ཁྲོ་སྐྱེས་སོང་། ཡིན་ནའང་བུ་ཕྲུག་རྣམས་ལ་ཕ་མ་མགོ་འཛོམས་དགོས་པ་གལ་ཆེ་བསམ་སྟེ་སྡུག་མགོ་མནན་ཏེ་ཕ་རྒན་དང་མ་རྒན་རྣམས་ལ་དེ་ཚང་དུ་སྐྱིད་རབས་དང་བདེ་རབས་བཤད་དེ་ཁོ་ཚོར་སེམས་ཁྲལ་མི་བྱེད་ཐབས་བྱས་པ་ཡིན། ད་ལྟ་ང་ལ་རང་དབང་ཆ་ཚང་ཡོད་པ་མ་ཟད།བུ་ཕྲུག་ཚོ་ཡང་སྐྱིད་ལྡན་པའི་དུས་སྐབས་ཤིག་ཡིན། ཡིན་ནའང་ཁོང་ཚོར་ཕ་མ་མགོ་འཛོམས་མེད་པ་ལ་བསམ་བློ་བཏང་དུས་ཁོ་ཚོ་སྙིང་རྗེ་སྟེ་ངུ་རྒྱུ་ཡོང་གི་འདུག་ཅེས་མོ་ངུས་ཏེ་བཤད་མཚམས་བཞག་སོང་།

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་ཡི་གེར་ཕབ།
 

 

Topic: མནའ་མ་ཞིག་གི་ཕྱིར་དྲན།

No comments found.

New comment

Contact

Administrator 416-453-9887 admin@wildyaks.com