འཇར་པན་གྱི་ནང་བའི་སྒྲུང་གཏམ་གྲགས་ཆེན་ཞིག

ཀུན་སློང་།

སྔོན་མ་ཞིག་ལ། གྲྭ་བ་རྒན་པ་ཞིག་དང་གྲྭ་བ་གཞོན་པ་ཞིག་རི་རྩེ་རུ་སྒོམ་རྩལ་སྦྱོང་དུ་ཕྱིན་ཏེ། ཕྱིར་དགོན་པའི་ནང་དུ་ལོག་པའི་ལམ་བར་དུ། ཆུ་ཆེན་པོ་ཞིག་ཡོད་པ་རེད། ཆུ་བོ་དེའི་ཁ་ན། དར་ཟབ་གྱི་གོས་གྱོན་པའི་བུ་མོ་གཟུགས་བྱད་མཛེས་ཤིང་ཡིད་དུ་འོང་བ་ཞིག་གིས་ངལ་གསོས་ཏེ་བསྡད་ཡོད།


གྲྭ་བ་གཉིས་ཁོ་མོའི་ཉེ་འགྲམ་དུ་ཐོན་མ་ཐག ཁོ་མོས་ལུས་པོ་མར་བསྒུར་ཞིང་ལག་ཟུང་ཐལ་མོར་སྦྱར་ཏེ། སྐྱབས་ཡུལ་དམ་པ་གཉིས་ལ་སྐྱབས་སུ་མཆི། སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས། བརྩེ་བའི་གཟིགས་ཏེ་སྨན་ཆུང་བུ་མོ་ལ། ཆུ་འདིའི་ཕ་རོལ་བགྲོད་པའི་གྲོགས་མཛོད་ཅིག ། ཅེས་ཞུས་པ་ན། གྲྭ་བ་རྒན་པ་དེ་ཐེ་ཚོམ་ཅི་ཡང་མེད་པར་བུ་མོ་དེ་རང་གི་རྒྱབ་ཏུ་ཁུར་ནས་ཆུ་བོ་དེའི་ཕ་རོལ་དུ་བདེ་བར་བསྐྱལ་ལོ།

སྐབས་དེར་གྲྭ་བ་གཞོན་པ་དེ་ཧང་སངས་བ་དང་། སེམས་ལ་འདི་འདྲའི་བུ་མོ་མཛེས་མ་ཞིག་གི་ལུས་ལ་འཛེམ་བག་མེད་པར་རེག་པ་ནི། དགེ་སློང་གི་སྡོམ་ཁྲིམས་མ་བརྩིས་པ་རེད་བསམ་པ་དང་།  གྲྭ་རྒན་འདིས་ཇི་ལྟར་འདི་འདྲའི་བུ་མོ་མཛེས་མ་ཞིག་རྒྱབ་ཏུ་ཁུར་ཏེ་ཆུ་དེའི་ཕ་རོལ་ཏུ་བསྐྱལ་བ་ཡིན་ནམ་སྙམ་པའི་དོག་པ་སྐྱེས་ཏེ། རྒན་ལགས། ཁྱོད་ཀྱིས་བུ་མོ་མཛེས་མ་དེ་ཇི་ལྟར་ཆུའི་ཕ་རོལ་དུ་བསྐྱལ་བ་ཡིན་ནམ། བུད་མེད་ལ་རེག་པ་ནི་དགེ་འདུན་པའི་སྡོམ་ཁྲིམས་དང་འགལ་བ་མ་ཡིན་ནམ་ཞེས་དྲིས། གྲྭ་བ་རྒན་པ་དེའི་ཞལ་ཅུང་ཟད་འཛུམ་པ་ལས། ཅི་ཡང་མ་གསུང་བར་མདུན་དུ་བསྐྱོད།


དེ་ནས་ཁོང་གཉིས་དགོན་པའི་སྒོ་ཆེན་འགྲམ་དུ་ཐོན་ལ་ཉེ་བ་ན། གྲྭ་བ་གཞོན་པ་དེས་ཡང་བསྐྱར། རྒན་ལགས། ཁྱོད་ཀྱིས་བུ་མོ་དེ་རྒྱབ་ལ་ཁུར་ནས་ཆུ་བོའི་ཕ་རོལ་ལ་བསྐྱལ་བ་དེ། དགེ་སློང་གི་སྡོམ་ཁྲིམས་དང་འགལ་བ་མ་རེད་དམ་ཞེས་དྲིས། དེ་ནས་གྲྭ་བ་རྒན་པ་དེའི་ཞལ་ཡང་བསྐྱར་ཅུང་ཟད་འཛུམ་ཞོར། ཆོས་གྲོགས་ལགས།  ངས་བུ་མོ་དེ་ཆུ་བོའི་ཕ་རོལ་དུ་བཞག་སྟེ་ལོག་ཡོང་བ་ཡིན། འོན་ཀྱང་། ཁྱོད་ཀྱིས་ད་དུང་ཁོ་མོ་སེམས་ནང་དུ་ཉར་བསྡད་ཡོད་པ་མ་ཡིན་ནམ་ཞེས་ལན་བཏབ་པ་ན། གྲྭ་བ་གཞོན་པ་དེར་བཤད་རྒྱུ་ཅི་ཡང་མེད་པར། ངོ་ཚ་ནས་རང་གི་ནང་ལ་ལོག་སོང་ངོ་།།

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: འཇར་པན་གྱི་ནང་བའི་སྒྲུང་གཏམ་གྲགས་ཆེན་ཞིག

ནོར་བཅོས

གཡག་རྒོད 03/10/2013
བཅོས་ཡོད། བཀའ་དྲིན་ཆེ

Tibetan story

Tashi 18/09/2013
Monks

བསྔགས་བརྗོད།

བསྟན་པ 17/09/2013
ངོ་མ་བཟང་གི སྐུ་ཚེ་ཡིན་རིང་ནོར་འདུག ཡུན་རིང་རེད།

New comment

Contact

Administrator 416-453-9887 admin@wildyaks.com