ཡ་རབས་ནི་ཆུང་དུས་ནས་སྦྱོང་རྒྱུ་ཞིག་རེད།

 

 ཡ་རབས་ནི་ཆུང་དུས་ནས་སྦྱོང་རྒྱུ་ཞིག་རེད། 

         ལོ་ཙཱ་བ། ཀླུ་བྱམས། 

 

     ཨ་མེ་རི་ཁའི་བྱིས་པ་ཚོས་བུ་བཅོལ་ཁང་གི་འཛིན་གྲྭ་ཆེ་བར་ཞུགས་པའམ་ཡང་ན་སློབ་ཆུང་དུ་འགྲིམས་པ་ནས་བཟུང་། དངོས་གཞི་ཅན་གྱི་སློབ་གསོ་མྱོང་མགོ་རྩོམ་དགོས། 

ཁ་ཁོག་མེད་པར་བཤད་ན། གལ་སྲིད་ཀྲུང་གོའི་ན་མཉམ་བྱིས་པ་ཚོའིསྐྱ་ཐིགདེ་ཁྱེར་ནས་ཚད་འཇལ་བྱས་ན། ཨ་མེ་རི་ཁའི་བྱིས་པ་ཚོས་སློབ་ཆུང་ལོ་རིམ་གཉིས་པའི་སྔོན་ལ་བསླབ་པའི་རིག་གནས་ཤེས་བྱ་ནི་ཉུང་དྲག་པ་སྤྲང་པོའི་རྩམ་ཁུག་གི་དཔེ་ཟླར་གྱུར་ཡོད་ཅེས་བཤད་ནའང་སྒྲོ་འདོགས་ཀྱི་དྲི་མ་སྤུ་ཙམ་མི་འདྲེས་སྙམ། ལོ་ཚོད་དེའི་གྲས་ཀྱི་བྱིས་པའི་ནང་་ཐ་ན་སྣོན་འཕྲི་སླ་མོའི་རིགས་རྩིས་རྒྱག་མི་ཤེས་མཁན་གཅིག་གཉིས་ལས་མི་ཚད་པ་ཡོད་མོད། འོན་ཀྱང་སློབ་གྲྭས་སློབ་མ་རྣམས་ཀྱི་འཚོ་བའི་གོམས་གཤིས་བསྐྱེད་བསྲིང་བྱེད་པའི་ཐད་ཧོལ་རྒྱུགས་དང་སྣང་མེད་སྤུ་ཙམ་ཡང་བྱེད་མི་སྲིད། 
བྱིས་པ་བསམ་མེད་དེ་རྣམས་སློབ་ཆུང་དུ་ཞུགས་རྗེས་ཀྱི་གཟའ་འཁོར་སྔོན་མ་འགའི་ནང་། དགེ་རྒན་གྱིས་ཁོ་ཚོ་ཁྲིད་ནས་སློབ་གྲྭའི་ར་སྐོར་ཕྱི་ནང་གི་ཁོར་ཡུག་ཚང་མར་ཡིད་འདྲིས་བྱེད་དུ་འཇུག་ཅིང་། ཁོ་ཚོར་ཇི་ལྟར་ཕྲེང་བསྒྲིགས་ཚུལ་དང་། ཨང་ཡིག་ཁྱེར་ནས་གུང་ཟས་ཇི་ལྟར་ལེན་ཚུལ། སྤྱོད་ཁང་ནང་གི་ཆུ་སྒོ་འབྱེད་རྒྱག་སོགས་བཀོལ་སྤྱོད་བྱེད་སྟངས། དཔེ་མཛོད་ཁང་ནས་དཔེ་ཆ་ཇི་ལྟར་གཡོར་ཚུལ་དང་དེ་ཕྱིར་ཇི་ལྟར་སྟེར་ཚུལ་བཅས་དང་། དེ་མིན་ད་དུང་སློབ་གྲྭའི་རླངས་འཁོར་ལ་འདུག་དུས་དེའི་སྐབས་ཀྱི་རྒྱུད་རིམ་དང་སྒྲིག་ལམ་ཇི་འདྲ་ཡིན་པ་ནས། སློབ་ཁང་ནང་གི་ཉིན་རེའི་འཆར་ཅན་གྱི་བེད་སྤྱོད་བྱེད་སྟངས་བཅས་ཀྱི་བར། དེ་བས་ཀྱང་སུན་སྣང་དང་སྐྱོ་ངལ་མེད་པར་གསེད་དགྲོལ་ཡང་ཡང་བྱེད་ལ། སློབ་མ་རྣམས་རྩ་འཛུགས་བྱས་ནས་ལུས་རྩལ་སྦྱོང་དུ་འཇུག གལ་ཏེ་ང་ཚོ་གནས་དེར་ཡོད་པའི་དབང་དུ་བཏང་ན། ཅིས་ཀྱང་ཡིད་ལ་ཕངས་སེམས་སྐྱེས་ནས། དེ་འདྲའི་རྩ་ཆེའི་དུས་ཚོད་མང་པོ་ཞིག་འབྲེལ་མེད་དོན་ཆུང་གི་ཐོག་ཏུ་བརླགས་ཚར་སོང་སྙམ་པ་ངང་གིས་འཆར་སྲིད། ཡིན་ནའང་ང་ལ་རིམ་ཅན་དུ་འཆར་རྟོགས་བྱུང་བ་ནི། དངོས་གནས་དགེ་རྒན་གྱི་ཚེགས་དང་བརྩོན་འགྲུས་དེ་འདྲ་ཞིག་ཡོད་པར་བརྟེན། བལྟས་ཚོད་དུ་དགོས་པ་ལྷག་པོ་མེད་པའི་དོན་ཆུང་ཞིག་གི་ཁྲོད་ནས། བྱིས་པ་ཚོས་འཚོ་བའི་རྒྱུན་ཤེས་བསླབས་ཏེ། སྤྱོད་ལམ་གྱི་གོམས་སྲོལ་བཟང་པོ་ཞིག་ཆགས་པ་དེ་རེད།  
ཨ་མེ་རི་ཁའི་སློབ་ཆུང་གི་དམའ་རིམ་འཛིན་གྲྭའི་སློབ་མ་རྣམས་ལའང་ལག་བཟོ་སློབ་ཁྲིད་དང་རི་མོ་འབྲི་བའི་སློབ་ཁྲིད་མང་པོ་ཞིག་ཡོད་པས། རྒྱུན་པར་ཁོ་ཚོའི་ཅོག་ཙེའི་ཐོག་དང་འདུག་སྟེགས་ཐོག་ལ་སྐྱུགས་རྫོགས་ནས་ལྟ་སྲོལ་མེད་མོད། འོན་ཀྱང་ཨ་མེ་རི་ཁའི་དགེ་རྒན་ཚོས་ཅིས་ཀྱང་རྫོབ་ཅན་གྱི་ལས་ཀ་དེ་རིགས་སློབ་མ་རང་རང་ལ་གཙང་དག་བྱེད་དུ་འཇུག་པར་མ་ཟད། ད་དུང་ཁོ་ཚོས་དགེ་རྒན་ཡིད་ཚིམ་རེག་བར་དུ་ལས་དགོས། དང་ཐོག་བྱིས་པ་ཚོས་ལས་ཀ་དེ་རིགས་སྒྲུབ་དུས་རྐང་ཁོབ་ལག་ཁོབ་ཏུ་སོང་ནས་སྒྲུབ་ཚད་མི་མགྱོགས་ཤིང་སྒྲུབ་སྤུས་མི་བཟང་ཕྱིར། ངའི་སེམས་སུ་གལ་སྲིད་ལས་ཀ་དེ་ངས་གཡུགས་ཕུད་ནས་ལས་ན་དུས་ཡུན་སྐར་མ་ལྔ་ཙམ་ཡང་མི་དགོས་སྙམ་ནས་ཁོ་ཚོར་ལས་རོགས་བྱེད་གྲབས་བྱས་མོད། འོན་ཀྱང་ངའི་ལག་རོགས་པས་བདག་ལ། “ང་ཚོར་བྱིས་པ་རྣམས་སོང་རྗེས་སུ་ཁོ་ཚོའི་ཤུལ་ལ་བདག་བྱེད་སྲོལ་གཏན་ནས་མེད་པས། ཁོ་ཚོས་གཙང་མ་གཙང་དག་ནམ་བྱས་ཚར་ན་ད་གཟོད་སློབ་ཁང་དང་ཁ་གྱེས་ཆོག ལག་བཟོ་སློབ་ཁྲིད་བྱེད་ན་ནམ་རྒྱུན་ཆུ་ཚོད་བརྒྱད་དང་སྐར་མ་ཞེ་ལྔའི་ཐོག་མཚམས་འཇོག་དགོས་ལ། དེའི་འཕྲོར་ང་ཚོས་བྱིས་པ་རྣམས་ལ་སོ་སོ་རང་རང་གི་དཔེ་ཆ་དང་དཔེ་ཁུག སྨྱུ་གུ་སོགས་བདག་བཟང་པོ་བྱེད་དགོས་ཚུལ་བཤད་ནས། རང་མཐའ་ཁོར་གྱི་ས་ངོས་ལ་གཙང་དག་བྱེད་དུ་འཇུག་པ་དང་། འདུག་སྟེགས་ངེས་པར་དུ་ཅོག་ཙེའི་འོག་ལ་འཇོག་ཏུ་འཇུག་པ། ཅོག་ཙེ་ཡང་གཏན་ཁེལ་ནང་ལྟར་དྲང་མོར་འཇོག་ཏུ་འཇུག་པ་བཅས་བྱས་རྗེས། སྒོ་ཁ་ནས་ཕྲེང་བསྒྲིགས་ཏེ་སློབ་ཁང་དང་ཁ་གྱེས་དགོས། དེ་ལྟར་བྱས་ཚེ་ཁོ་ཚོའི་སློབ་སྦྱོང་གི་དུས་ཚོད་ཇེ་ཉུང་དུ་སོང་བ་འདྲ་ཡང་། ང་ཚོས་དེ་ལས་རྗེས་དཔག་གི་ཚུལ་དུ་རྟོགས་ཐུབ་པ་ཞིག་ནི། ཉི་མ་རེ་རེ་བཞིན་དུ་དེ་འདྲའི་སྦྱོང་རྡར་ཐེབས་པའི་བྱིས་པ་རྣམས་ནར་སོན་རྗེས། ཆུང་དུས་ནས་རྒྱུད་ལ་གོམས་པའི་སྟོབས་ཀྱིས་ཤུལ་དུ་གད་སྙིགས་མཐེ་བོང་ཙམ་ཡང་བསྐྱུར་མི་སྲིད་ལ། ཁྲོམ་སྲང་ནས་གད་སྙིགས་གང་སར་འཕེན་པ་དེ་བས་ཀྱང་བྱེད་མི་སྲིད་པ་དེ་ཡིན།ཞེས་ཟེར། 
ཨ་མེ་རི་ཁའི་སློབ་གྲྭས་ད་དུང་ཡིག་ཐོག་གི་གཏན་ཁེལ་བྱས་ནས། བྱིས་པ་ཚོས་སྐད་ཆ་དམེ་བོ་བཤད་མི་རུང་ཞིང་། གལ་སྲིད་སུ་ཞིག་གིས་ཐ་ཤལ་གྱི་སྐད་ཆ་བཤད་ཚེ། དེ་ཐད་ཀར་དུ་སློབ་གཙོའི་གཞུང་ལས་ཁང་ལ་བསྐྱལ་དགོས། དགེ་རྒན་གྱིས་སློབ་མར་སློབ་གསོ་གཏོང་དུས་ཀྱང་། ཕན་ཚུན་ལ་བརྩི་འཇོག་བྱེད་དགོས་ཚུལ་དང་ཕན་ཚུན་ལ་སྐུལ་ལྕག་གཏོང་རེས་བྱེད་དགོས་ལུགས་སོགས་ཀྱི་སྐོར་ཡིན་ལ། ཁྱད་པར་དུ་སློབ་ཆུང་གིས་རྒྱུན་པར་བརྗོད་སྙིང་དེ་རིགས་དམིགས་སུ་བཟུང་ནས་སློབ་ཁང་གི་སློབ་ཁྲིད་བྱ་འགུལ་སྤེལ་སྲིད་པ་དང་། དེ་དང་བསྟུན་ནས་ཀློག་འདོན་དང་། གྲངས་རིག ད་དུང་བསླབ་ཚན་གཞན་དག་གང་རུང་གི་སློབ་གསོའི་རྒྱུད་རིམ་ཁྲོད་དུ་རིགས་བསྒྲེ་བྱེད་ཀྱིན་ཡོད་པས། དེ་ནི་དངོས་གནསསྤྱོད་བཟང་བསླབས་ལས་བྱུང་བ་ཡིན་ཟེར་བ་དང་ཡོངས་སུ་མཐུན། ངས་འགྲོགས་འདྲིས་བྱས་མྱོང་བའི་ཨ་མེ་རི་ཁའི་སློབ་ཆུང་སློབ་མ་རྣམས་ལ་མཚོན་ནས་བཤད་ན། ཁོ་ཚོའི་ཁྲོད་ཕན་ཚུན་ལ་སྡིགས་དམོད་བྱེད་རེས་དང་ཕན་ཚུན་ལ་སྐྱོན་མཚང་འབྲུ་རེས་སྒོས་ཕ་རོལ་རྡོག་བརྫིས་གཏོང་མཁན་ཉུང་ཞིང་། མཐར་གཏུགས་ན་ཆེས་རང་དབང་ཅན་གྱི་མཐོ་འབྲིང་སློབ་མའི་ནང་དུའང་མི་དེ་འདྲ་མཐོང་དཀོན། དགེ་རྒན་རྣམ་པས་སློབ་མར་རང་དཔེ་གཞན་སྟོན་བྱས་པའི་ནུས་པ་ལའང་སྣང་ཆུང་གཏན་ནས་བྱེད་རྒྱུ་མེད། ཨ་མེ་རི་ཁའི་དགེ་རྒན་ཚོས་སློབ་མ་རྣམས་ལ་ཆད་པ་ནན་མོ་བཅད་ཆོག་མོད། འོན་ཀྱང་དེའི་སྐབས་སུ་ཁོ་ཚོའི་མི་གཤིས་དང་མཚན་སྙན་ལ་གནོད་པའི་སྤྱོད་ལམ་རྩ་བ་ནས་ཕུད་མི་ཆོག 
ཨ་མེ་རི་ཁའི་དགེ་རྒན་གྱིས་ད་དུང་སློབ་མ་རྣམས་ལ། ལུ་བ་དང་གླལ་སྒྱིང་བྱེད་པ། སྒྲེགས་སྐྱུགས་བྱེད་པ་དང་སྣ་སྦྲིད་རྒྱག་པ། ཐ་ན་རྟུག་དྲི་གཏོང་དགོས་བྱུང་བ་བཅས་གང་གི་སྐབས་སུའང་ངེས་པར་དུ་གཞན་ལ་དགོངས་དག་ཞུ་བ་མཚོན་པའི་རྫི་གཏམ་ཞིག་སྔོན་བརྡའི་ཚུལ་དུ་བརྗོད་དགོས་ཞེས་གདམས་ངེས། ལུ་བ་དང་སྣ་སྦྲིད་རྒྱག་སྐབས་ངེས་པར་དུ་ལག་པས་རང་ཁ་ཟུམ་དགོས་ཤིང་། དེ་ཡང་གཅིག་ན་འབུ་ཕྲའི་རིགས་ཀྱི་འགོ་ནད་མི་འབྱུང་བ་དང་། གཉིས་སུ་དེ་ནི་གུས་ལུགས་ཤིག་ཀྱང་རེད་ཅེས་དགེ་རྒན་ཚོས་སློབ་མ་ཆུང་བ་དག་ལ་གསལ་བཤད་ངོས་འཕྲོད་ཡོང་བ་བྱེད་སྲིད། བྱིས་པ་སྐོར་ཞིག་ཅོག་ཙེའི་མཐར་རུབ་ནས་དཔེ་ཆར་བལྟ་བའམ་ལག་བཟོ་བྱེད་པ། རི་མོ་འབྲི་བ་བཅས་ཀྱི་སྐབས་སུ་རང་གིས་སྤྱི་རྫས་སྨྱུ་གུའམ་མཁོ་ཆས་གང་རུང་བཀོལ་དགོས་བྱུང་ཚེ། དེ་ལ་རང་ཉིད་མི་རྩེབས་ནའང་བཙན་ཚུགས་ཀྱིས་ལག་པ་བསྲིངས་ནས་མི་ལེན་པར། གུས་ཉམས་ཧ་ཅང་ལྡན་པའི་སྒོ་ནས་ཉེ་ལོགས་ཀྱི་གྲོགས་ཆུང་གཞན་ལ་ཚུར་སྟེར་དུ་འཇུག དེ་བཞིན་དུ་ཁོ་ཚོས་ཟ་མ་ཟ་སྐབས་ཀྱི་ཅོག་ཙེའི་ཐོག་གི་གུས་ལུགས་ཀྱང་དེ་ཉིད་ལས་མ་འདས། དགེ་རྒན་གྱིས་ནམ་ཡིན་རུང་བྱིས་པ་རྣམས་ལ་ཐུགས་བརྒྱལ་མ་བཞེངས་ཞེས་པ་དང་། ཡང་ན་ཐུགས་རྗེ་ཆེ་ཞེས་པའི་སྐད་ཆ་ངག་ལ་གོམས་པར་སྐུལ་མ་གཏོང་གིན་ཡོད། སློབ་ཆུང་དགེ་རྒན་ཚོས་སློབ་མ་རྣམས་ལ་བཤད་རྒྱུར། མི་སེམས་དྲོ་བའི་སྐད་ཆ་དེ་རིགས་བཤད་མཁས་ན། ཁྱོད་ལ་གཞན་གྱི་རོགས་རམ་སྔར་ལས་མང་པོ་ཐོབ་སྲིད་ཟེར། ཨ་མེ་རི་ཁའི་དཔེ་ཚོང་ཁང་དུ། སྐད་ཆ་ཡག་པོ་བཤད་པ་དང་སྤྱོད་ལམ་མཛེས་པོ་སྟོན་དགོས་པའི་སྐོར་གྱི་དཔེ་ཆ་བགྲང་ལས་འདས་པ་ཞིག་ཡོད། གཤིས་བཟང་སློབ་མའི་རྒྱུད་ལ་ཆགས་སུ་འཇུག་པ་དང་། སྐད་ཆ་ཡག་པོ་བཤད་རྒྱུ་དེ་ངང་ངམ་ཤུགས་ཀྱིས་ཁོ་ཚོའི་སྐད་ཆའི་ཡན་ལག་ཅིག་ཏུ་གྱུར་ཡོད་པས། དེ་འདྲའི་བྱིས་པ་ཚོས་ནར་སོན་པའི་རྒྱུད་རིམ་ཁྲོདདང་དོད་ལྔ་དང་མཛེས་པ་བཞི། དགའ་ཞེན་གསུམ” བཅས་ཀྱི་སློབ་གསོ་མ་བརྒྱུད་རུང་། ཡ་རབས་སྐད་ཆ་སྨྲ་ཤེས་ཤིང་མི་ལ་གུས་ལུགས་སྟོན་ཤེས་ཞེས་བཤད་ཆོག 
ཨ་མེ་རི་ཁའི་སློབ་ཆུང་དགེ་རྒན་ཚོས་སློབ་མའི་ཀུན་སྤྱོད་འཛིན་ཚད་ཧ་ཅང་ནན་མོ་ཡིན། གལ་སྲིད་སློབ་མ་ཞིག་གིས་སྐད་ཆ་ཤོད་སྟངས་མ་འགྲིག་ཕྱིན། དེ་མ་ཐག་དགེ་རྒན་གྱིས་སློབ་མ་དེའི་སྐད་ཆ་བཤད་མཚམས་བཅད་ནས། “ཁྱོད་ཀྱིས་དགོངས་དག་ཞུ་བའི་སྐད་ཆ་དེ་བཤད་དམ།ཞེས་སམ། “ཁྱོད་ཀྱིས་ཐུགས་རྗེ་ཆེ་ཞེས་པའི་སྐད་ཆ་འདི་ཤོད་རྒྱུ་བརྗེད་སོང་ངམ།ཞེས་དང་། ཡང་ནཁྱོད་ཀྱིས་རང་གི་གྲོགས་པོ་སེམས་མི་དགའ་བར་བཏང་བས། འཕྲལ་དུ་ཐུགས་བརྒྱལ་མ་བཞེངས་ཟེར་དགོས་པར་མ་ཟད། ད་དུང་ཁོ་ལ་འཐམས་འཁྱུད་བྱས་ནས་དགོངས་དག་ཞུ་དགོསཟེར་ངེས། གལ་ཏེ་བྱིས་པ་དེའི་རྣམ་འགྱུར་མི་བཟང་ཞིང་། ཁོ་རང་དགེ་རྒན་གྱི་མདུན་ནས་འཆོར་མདོག་བསྟན་ཚེ། དགེ་རྒན་གྱིས་རྒྱ་ཡན་དུ་མི་གཏོང་བར། ཁྱོད་ཀྱིས་རྣམ་འགྱུར་དེ་འདྲ་བཟུང་ནས་མིའི་སྔུན་ནས་འགྲོ་མི་རུང་པས། མྱུར་དུ་ཐུགས་བརྒྱལ་མ་བཞེངས་ཟེར་དགོས།ཞེས་བཀའ་བཀྱོན་གནང་ངེས། དགེ་རྒན་སུ་ཞིག་ཡིན་རུང་སློབ་མ་སློབ་རའི་ནང་སྨྱོ་རྒྱུགས་བྱེད་པ་མཐོང་ཚེ་རང་སྣང་དུ་མི་འཇོག་པར། “དལ་འགྲོ་བྱོས། ཕར་རྒྱུགས་ཚུར་རྒྱུགས་མ་བྱེདཅེས་སྤྱོད་ལམ་ལ་དག་བཅོས་བྱེད་སྲིད། སློབ་ཁང་ནང་སྨོས་ཅི། ཐ་ན་སློབ་གྲྭའི་ར་སྐོར་གང་ཞིག་ཏུའང་སློབ་མ་ཚོས་སྐད་གསེང་མཐོན་པོས་སྐད་ཆ་བཤད་མི་རུང་བར། ངེས་པར་དུ་སྐད་མགོ་དམའ་མོས་ཁ་བརྡ་བྱེད་དགོས། ཉམས་མྱོང་ཅན་གྱི་སློབ་ཆུང་དགེ་རྒན་མང་པོ་ཞིག་སློབ་མ་རྣམས་འདུལ་སྦྱོང་བྱེད་པར་ཧ་ཅང་མཁས། ཁོང་ཚོས་བྱིས་པ་ཚོར་ཇི་ལྟར་གནས་ཀྱི་ཁྱད་པར་ལ་བལྟོས་ནས་སྐད་མགོ་མཐོ་དམན་བཏོད་ནས་ཁ་བརྡ་བྱེད་དགོས་ལུགས་འཆད་ཀྱིན་ཡོད། དཔེར་ན་རྩལ་སྦྱོང་ར་བ་ནས་སྐད་མགོ་མཐོ་ཆོག་མོད། འོན་ཀྱང་ཁང་པའི་ནང་སྐད་མགོ་རན་པོ་ཡིན་དགོས་པ་མ་ཟད། ཐ་ན་སྐད་མགོ་ཆེས་དམའ་བ་ཡིན་དགོས་ཏེ། གང་ལྟར་དགེ་རྒན་དང་སློབ་གྲོགས་ཚོས་གོ་ཙམ་གྱི་སྒྲ་ཡིན་ན་འཐུས་ཞེས་བླང་བྱ་འདོན་གྱིན་ཡོད། དགེ་རྒན་རྣམ་པས་དེ་ལྟར་གསུང་གིན་ཡོད་ལ་དེ་ལྟར་སྒྲུབ་ཀྱིན་ཡང་ཡོད། སློབ་མ་ཚོས་སྐད་མགོ་ཅུང་ཟད་མཐོ་ཚེ། ཁོ་ཚོས་དེ་མ་ཐག་དག་སེལ་བྱེད་སྲིད་པ་དང་། དག་སེལ་བྱེད་ཐབས་ལའང་ཁོ་ཚོས་ངག་ཐོག་གི་སྐད་ཆ་འཇམ་པོ་བཀོལ་བར་དང་དོད་བྱེད་ཀྱིན་ཡོད་པ་མ་ཟད། ཁོར་ཡུག་དང་བསྟུན་ནས་མིག་གི་ལྟ་སྟངས་ཞི་ཞིང་དུལ་བ་དང་ཕྱག་རྒྱ་ལྷོད་པོ་སོགས་སྤྱོད་ལམ་བཀོལ་བར་དེ་བས་ཀྱང་དང་དོད་བྱེད་ཀྱིན་ཡོད། ཨ་མེ་རི་ཁའི་སློབ་གསོ་སྐྱོང་ཐབས་ཀྱིས་གོང་སྨོས་སྤྱོད་ལམ་དེ་རིགས་ལ་ཆེས་ཆེར་མཐོང་ཆེན་བྱེད་ཀྱིན་ཡོད་ཕྱིར། བྱིས་པ་ཚོས་ཀྱང་ཆུང་དུས་ནས་བཟུང་སྟེ། མི་ཚོགས་འདུ་ས་ནས་རང་གི་འདོད་པ་ལྟར་སྐད་གསེང་མཐོན་པོས་ཁ་བརྡ་བྱེད་པ་དང་། སྐད་མགོ་མཐོན་པོས་ཁ་པར་ཉན་བཤད་བྱེད་པ་སོགས་ནི་རྩིང་སྤྱོད་དང་གུས་ལུགས་མི་ལྡན་པའི་སྤྱོད་ལམ་ཡིན་པ་རྟོགས་ཡོད། 
སྤྱོད་ཁང་དུ་འགྲོ་ཕྱོགས་གཅིག་པུར་མཚོན་ནའང་། སློབ་ཆུང་གི་དམའ་རིམ་འཛིན་གྲྭའི་དགེ་རྒན་ཚོས་སྤྱིར་བཏང་དུ་དུས་ཚོད་ངེས་ཅན་རེ་གཏན་ཁེལ་བྱས་པའི་ནང་ཕོ་མོ་དགར་ནས་སྤྱོད་ཁང་དུ་ཁྲིད་ཀྱིན་ཡོད། ཚང་མ་སྤྱོད་ཁང་གི་བར་ཁྱམས་སུ་བསྡད་ནས་སྔ་ཕྱི་རིམ་པ་ཡོད་པའི་སྒོ་ནས་སྤྱོད་ཁང་དུ་འགྲོ་བ་ལས། འཚང་ཁ་ཤིག་ཤིག་དང་སུ་མགྱོགས་སུ་འགྲོ་བྱེད་མི་རུང་ལ། འུར་སྒྲ་དེ་བས་སྒྲོག་མི་རུང་། སྐབས་འགའ་རེར་བྱིས་པ་སུ་ཞིག་གིས་བཤང་གཅི་དོར་རྗེས་ཆུ་སྒོ་ཕྱེས་ནས་དེ་ཉ་ར་བྱེད་རྒྱུ་བརྗེད་སོང་བ་ཤེས་ཚེ། དགེ་རྒན་གྱིས་ཁོ་རང་གུ་ཡངས་སུ་མི་གཏོང་བར་དེ་མ་ཐག་ཕྱིར་སྤྱོད་ཁང་དུ་ཆུ་སྒོ་ཕྱེ་རུ་མངགས་སྲིད། གང་ལྟར་ཡང་ཉིན་གཅིག་གི་ནང་ཐག་རིང་ཐུང་གང་ལ་འགྲོ་ཡང་ཕྲེང་བསྒྲིགས་དགོས་པས། སློབ་མ་རྣམས་ཕྲེང་སྒྲིག་པའི་དུས་ཚོད་དང་གྲངས་ཚད་ཤིན་ཏུ་མང་། དེའི་ཕྱིར་ངས་རྒྱུན་པར་བྱེད་སྟངས་དེ་རིགས་ནི་དུས་ཚོད་འཕྲོ་བརླག་ཏུ་གཏོང་བ་ཁོ་ན་ཞིག་ལས། ཕན་ནུས་དེ་འདྲ་མི་ཆེ་བར་སྙམ་མོད། འོན་ཀྱང་མནོ་བསམ་ཞིབ་ཏུ་བཏང་ཚེ་ཨ་མེ་རི་ཁའི་བྱིས་པ་དེ་དག་ནར་སོན་རྗེས་ཡང་བསྐྱར་ཁོ་ཚོརཡ་རབས་སྤུས་མཚག་གི་བྱ་སྤྱོད་འཆར་གཞིཟེར་བ་དང་། “ཡ་རབས་སྒྲིག་བརྩི་ཞེས་པའི་སློབ་གསོའི་ཁ་གསབ་བྱེད་མི་དགོས་འདོད། འོ་ན་སུ་ཞིག་གི་བྱིས་པའི་དུས་ཚོད་བཀོལ་སྤྱོད་བྱེད་སྟངས་དེ་ཚན་རིག་དང་མཐུན་ཞིང་། སུ་ཞིག་གི་རིག་པ་དེ་སྤྱང་གྲུང་ལྡན་པ་ཞིག་ཡིན་ནམ། 
བྱིས་པ་ཚོས་ཟ་མ་ཟ་རན་དུས་དེ་བས་ཀྱང་ཕྲེང་བསྒྲིག་དགོས། གལ་སྲིད་ཕྲེང་སྒྲིག་པ་གྲལ་འགྲིག་མོ་མིན་ཚེ། དགེ་རྒན་གྱིས་ཁོ་ཚོ་ཟ་ཁང་དུ་གཏན་ནས་འཁྲིད་མི་སྲིད་ལ། ཟ་ཁང་ནང་ནས་ཀྱང་ཕན་ཚུན་གྱི་རྣ་ལམ་དུ་ལྐོག་ཤུབ་རྒྱག་པ་མཐོང་ཚེ། ཁེར་འགོག་བྱས་ནས་འཚལ་མ་དེའི་ཟ་སྐལ་འཆོར་བའི་ཉེན་ཁ་ཡང་འབྱུང་སྲིད། དེའི་ཕྱིར་བྱིས་པ་ཇི་འདྲའི་པྲ་ཚེགས་ཤིག་ཡིན་ཡང་ངང་སྒུག་དང་དལ་ཅག་གེར་ཕྲེང་སྒྲིག་པ་དང་། རང་རང་གི་ཟས་སྐལ་བླངས་སྟེ་གཏན་ཁེལ་ཅོག་ཙེའི་སྟེང་ཟས་སུ་རོལ་ཞོར་དུ་ཕན་ཚུན་བར་ལ་སྐད་མགོ་དམའ་མོས་ཁ་བརྡ་བྱེད་པ་ལས་ཐབས་གཞན་མེད་ཅིང་། བརྒྱ་ལ་སྐད་ཆུང་ངུས་ཁ་བརྡ་བྱེད་མི་ཤེས་ན་གནས་སྐབས་སུ་སྨྲ་ཐུན་འཛིན་པའི་བརྟུལ་ཞུགས་ཡོངས་སུ་སྐྱོང་དགོས། སློབ་ཆུང་སློབ་མ་ཚོས་ཟ་མ་ཟ་བའི་དུས་ཚོད་ལའང་ཚོད་འཛིན་ཧ་ཅང་ཆེ་བས། སུ་ཞིག་གིས་དུས་ཚོད་དམ་འཛིན་མ་བྱས་ཕྱིན། སྟབས་ཉེས་ན་ལྟོ་བ་འགྲེང་ཐག་མ་ཆོད་པར་དཀར་སྡེར་ལ་བདག་བྱས་ནས་སློབ་ཁང་ནང་འགྲོ་དགོས་པའི་དུས་ཀྱང་འབྱུང་མོད། ཡིན་ནའང་ཨ་མེ་རི་ཁའི་དགེ་རྒན་ཚོས་སེམས་བཟང་ཚིག་ནན་གྱི་ཚུལ་དུ། ཟ་མ་ཐུན་གཅིག་མ་ཟོས་ན་སྐྱོན་མེད། གཙོ་བོར་ཁོ་ཚོར་བསླབ་བྱ་དེ་ཡིད་ལ་འཛིན་དུ་འཇུག་དགོས་ཟེར་གྱིན་ཡོད། 
སློབ་གྲྭ་ཆུང་འབྲིང་གི་སློབ་མ་སུ་ཞིག་ཡིན་རུང་། ཚང་མས་སྒོ་ཕྱེས་ནས་འགྲོ་འོང་བྱེད་སྐབས། ཅིས་ཀྱང་ཁ་ཕྱིར་འཁོར་གྱིས་རང་གི་རྗེས་ལ་བལྟ་རྒྱུ་དེ་ཤེས་ཡོད་པས། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་སྒོར་བུད་པ་དང་ཆབས་ཅིག་སྒོ་ཁྲོག་སེ་རྒྱག་པའི་དཔེ་མེད་པར། རང་རྟོགས་སྒོས་རྗེས་ན་ཡོང་གིན་ཡོད་པའི་མི་དེ་སླེབས་རེག་བར་དུ་སྒོ་ལུང་བཟུང་སྟེ་བསྒུག་ནས་འདུག་སྲིད། སློབ་ཆུང་སློབ་མ་ཚོས་དགེ་རྒན་གྱི་ཚབ་ཏུ་སྒོ་ལུང་འཛིན་པ་དེ་ནམ་ཡང་རང་གི་ངོ་སོ་ཞིག་ཡིན་པར་འཁུམས་ཡོད། 
འདི་འདྲའི་ཉིན་རྒྱུན་གྱི་དོན་ཆུང་ཞིབ་ཚགས་ཅན་མང་པོ་ཞིག་གིས་ང་ལ་ཨ་མེ་རི་ཁའི་རིག་གནས་སློབ་གསོའི་ཐད་ཤེས་རྟོགས་ཟབ་མོ་ཐེབས་སུ་བཅུག ང་རང་སློབ་ཁང་ནང་ཕར་ཚུར་བསྐྱོད་སྐབས་སེམས་ཆུང་མ་བཟུང་བར་སློབ་མ་ཞིག་ལ་ཕོག་ཐུག་བྱུང་ཚེ། སློབ་མ་དེས་ལམ་སེང་ཐུགས་བརྒྱལ་མ་བཞེངས་ཞེས་དགོངས་དག་ཞུ་ངེས་ལ། སློབ་གྲོགས་ཕན་ཚུན་བར་དུའང་དེ་ལྟར་ཡིན། ང་ཚོས་རྒྱུན་དུ་བརྙན་འཕྲིན་ཟློས་གར་ལས་ཨ་མེ་རི་ཁའི་སློབ་གྲྭའི་སློབ་ཁང་དག་དེ་འདྲའི་གསལ་ཡངས་ཆེ་ལ་གཙང་མ་ཡིན་པ་མཐོང་དུས། དེ་ནི་དགོས་དབང་གིས་སྒྱུ་རྩལ་མཛེས་ཉམས་བཏོད་པ་ཞིག་ཡིན་རྒྱུ་རེད་སྙམ་མོད། འོན་ཀྱང་རང་གིས་དངོས་སུ་མྱོང་ཚོར་བྱས་ན་ད་གཟོད་ཨ་མེ་རི་ཁའི་སློབ་ཁང་ནི་དེ་འདྲའི་གཙང་མ་ཡིན་པ་ར་སྤྲོད་འབྱུང་ཐུབ། བྱིས་པ་རྣམས་ཐད་ཀར་དུ་སློབ་ཁང་ནང་ནས་ཕར་གོག་ཚུར་གོག་དང་འགྲེ་ལོག་བརྒྱབ་ཆོག་ཅིང་། ཁྱད་པར་དུ་ཀློག་འདོན་སློབ་ཁྲིད་སྐབས་སུ། དགེ་རྒན་སྒུལ་སྟེགས་ཐོག་བསྡད་ཡོད་ནའང་། མཐའ་ཁོར་དུ་སློབ་མ་མང་པོ་འདུག་སྟངས་མི་གཅིག་སོ་སོ་གང་མོས་ལྟར་འཁོད་ཡོད་པ་ལ། སུ་ཡིན་རུང་རྣམ་ཤེས་དགེ་རྒན་གྱི་ཀློག་འདོན་ལ་གཏད་ཡོད་ན་ཆོག 
ང་ལ་བག་ཆགས་ཆེས་ཟབ་མོ་ཞིག་ཡོད་པ་ནི། ཨ་མེ་རི་ཁའི་དགེ་རྒན་ཚོའི་སྐད་ཆ་ཚིག་གཅིག་གིས་སློབ་མ་རྣམས་འཕྲལ་མར་གྲལ་བསྒྲིག་ཏུ་འཇུག་ཐུབ་པ་དེ་རེད། གལ་སྲིད་སློབ་མ་རེ་གཉིས་གྲལ་བསྒྲིགས་པ་དྲང་མོ་མིན་ཚེ། དེ་དྲང་མོ་ཡོང་རེག་བར་དུ་མཚམས་གཏན་ནས་འཇོག་མི་སྲིད། ཡང་ཚང་མར་ཧ་ཅང་འཇམ་ལྷོད་ལྡན་པའི་སྒོ་ནས་བྱ་འགུལ་དེ་སྒྲུབ་དགོས་ཚུལ་བཤད་ཡག་བྱས་ཡོད་པ་ཞིག་ཡིན་ཕྱིན། སློབ་གྲོགས་རྣམས་ཀྱང་དེ་བཞིན་དུ་འཇམ་ཅག་གེར་གནས་དགོས་ལ། དེ་ལས་ལྡོག་ན་བྱ་འགུལ་དེ་མེད་པར་གཏོང་བར་ཡང་ཐེ་ཚོམ་ཅང་མེད་པས། དགེ་རྒན་ཚོས་བྱིས་པ་རྣམས་ཡིད་ཐང་ཆད་འགྲོ་མིན་ལ་སྣང་དོགས་ཙམ་ཡང་མི་བྱེད།། 
ཨ་མེ་རི་ཁའི་ཁྱིམ་བདག་རྣམས་ཀྱིས་ཀྱང་རང་རང་གི་བྱིས་པར་དེ་འདྲའི་རེ་འདུན་ནན་མོ་འཛིན་གྱིན་ཡོད། སློབ་མ་སུ་ཞིག་སློབ་གྲྭའི་འགྲིག་ལམ་ལ་ཐོགས་ནས་ཁྱིམ་བདག་སློབ་གྲྭར་བསུ་དགོས་བྱུང་ཚེ། ཁྱིམ་བདག་ཚང་མས་སློབ་གྲྭས་ཁྱིམ་ཚང་གི་སློབ་གསོ་ཞན་འདུག་སྙམ་པའི་དོགས་པ་ཀུན་ནས་སེལ་ཕྱིར་དགེ་རྒན་ལ། ངེད་ཚང་གི་བྱིས་པའི་གུས་ལུགས་མེད་པའི་འགྲོ་ལུགས་འདི་འདྲ་རང་ཁྱིམ་ནས་ཀྱང་གཏན་ནས་ཕུད་མི་ཆོག་ཅེས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་གྱིས་བརྗོད་ཀྱིན་ཡོད། ཨ་མེ་རི་ཁའི་དགེ་རྒན་དང་ཁྱིམ་བདག་རྣམས་ལ་བྱིས་པར་ཆུང་དུས་ནས་བཟུང་སླ་ཆོས་སྤུ་ཙམ་མི་བྱེད་པའི་རྣམ་འགྱུར་ཡོད་པ་དང་། ཟབ་ཅིང་བརླིང་ལ་ནན་ཏན་གྱི་སྒོ་ནས་བྱིས་པ་བསྐྱེད་བསྲིང་བྱེད་ཀྱིན་ཡོད་པར་བརྟེན། ད་གཟོད་བྱིས་པ་རྣམས་ཀྱང་ནར་སོན་རྗེས་ཕ་མ་ལ་ངོ་གནོངས་དགོས་པའི་དོན་དག་ཅི་ཡང་བསྒྲུབ་མི་སྲིད་ལ། རྒྱལ་ཁབ་ཕྱི་ནང་གང་དུ་བསྐྱོད་ཀྱང་མེས་རྒྱལ་གྱི་གདོང་ལ་ནག་ནོག་བསྐུ་མི་སྲིད། 
དུས་སྐབས་མང་པོ་ཞིག་གི་ནང་ང་ཚོས་ཡ་རབས་གུས་ལུགས་མི་ལྡན་པའམ་ཡང་ན་རྒྱུན་སྲོལ་དང་འགལ་བའི་སྤྱོད་ལམ་དེ་དག་གིས་མི་རྣམས་ལ་ཇི་འདྲའི་རྐྱེན་ངན་ཞིག་འཇོག་གིན་ཡོད་པ་མི་ཚོར་ན་ཡང་ཁྲིགས་བཞག་མེད། ཡིན་ནའང་ང་ཚོ་འདི་འདྲའི་ཤེས་རིག་དར་སྔ་བའི་གནའ་བོའི་རྒྱལ་ཁབ་ཅིག་དང་། གུས་དྲང་གཉིས་ལྡན་གྱི་རྒྱལ་ཁབ་ཅིག་གི་རྗེས་རབས་པ་ཡིན་པས། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་སོ་སོར་སོང་ནས་སྤྱི་ཚོགས་རིག་གནས་སྣང་ཚུལ་དང་མཛེས་ལྗོངས་མཐའ་དག་མིག་གི་དགའ་སྟོན་དུ་རོལ་སྐལ་ཡོད་པ་འདི། བྱིངས་ནས་ཇི་འདྲའི་ཡིད་སྤྲོ་ཞིང་བློ་ཚིམས་པའི་དོན་དག་ཅིག་ཡིན་མོད། འོན་ཀྱང་ལག་ལེན་དངོས་ཀྱི་སྟེང་ལ་བབས་ཚེ་འགྲོ་འདུག་ཉལ་འཆགས་ཚང་མ་རྒྱུན་པར་མིའི་བློ་ངོར་མི་མཛེས་པ་ཞིག་འོངས་པ་འདི་མཐར་གཏུགས་ན་སུ་ཞིག་ལན་པ་ཡིན་ནམ། ཡང་ན་དགེ་རྒན་གྱིས་མ་བསླབས་ཟེར་རམ། ལེ་བདའ་དང་གཞན་ཁག་དཀྲི་བའི་ཚིག་གིས་གོ་ཅི་ཡང་མི་ཆོད་པས། དེ་བས་བློ་ཁ་ནང་དུ་བསྐོར་ནས་རང་ལ་སློབ་གསོའི་ཁ་གསབ་བརྒྱབ་ན་དེ་ལས་ལྷག་ཅིག་མེད།  

 

Contact

Administrator 416-453-9887 admin@wildyaks.com