རང་བཀུར་གྱི་འདུ་ཤེས་ཡོད་ན་བུ་ཕྲུག་གསོ་སྐྱོང་བྱེད་སླ།


བརྩི་བཀུར་མེད་ན་མཐུན་སྒྲིལ་མེད། མཐུན་སྒྲིལ་མེད་ན་སྟོབས་ཤུགས་མེད། སྟོབས་ཤུགས་མེད་ན་ཡར་རྒྱས་མེད་ཅེས་བཤད་སྲོལ་ཡོད་པ་ལྟར། སྤྱི་ཚོགས་དང་ཁྱིམ་ཚང་། མི་སྒེར་སུ་ཡིན་རུང་བརྩི་བཀུར་ནི་མེད་དུ་མི་རུང་བ་ཞིག་དང་། དེ་ནི་མི་རྣམས་ཀྱིས་གུས་བཀུར་བྱེད་སྟངས་ཤིག་དང་མཐོང་ཆེན་བྱེད་སྟངས་ཤིག་རེད། གལ་སྲིད་མི་དང་མིའི་བར་ལ་ལྷད་མེད་ཀྱི་བརྩི་བཀུར་ཞིག་ཡོད་པ་ཡིན་ན་མི་ཚང་མ་དོགས་སྣང་དང་ཞེད་སྣང་། མཚེར་སྣང་སྐྲག་སྣང་མེད་པར། འཆམ་མཐུན་གྱི་འཚོ་བ་བག་ཡོད་ཚུལ་མཐུན་ཞིག་སྐྱེལ་ཐུབ། གཞན་ལ་གུས་བཀུར་བྱེད་པའི་གོམས་གཤིས་རྒྱུད་ལ་མངའ་བའི་མི་ཞིག་ཡིན་ན། ཆ་རྒྱུས་ཡོད་མེད་ལ་མ་ལྟོས་པར་མི་རྒན་གཞོན་ཚང་མ་ལ་འགྲོགས་བདེ་ཞིང་འདྲིས་ཐུབ་པ་ཡིན། འོན་ཀྱང་། གཞན་ལ་གུས་བཀུར་བྱེད་པའི་གོམས་གཤིས་རྒྱུད་ལ་འཇགས་པའི་ཆ་རྐྱེན་དེ་ནི་རང་བཀུར་གྱི་འདུ་ཤེས་ཡིན། གལ་སྲིད་རང་བཀུར་གྱི་འདུ་ཤེས་བརྟན་པོ་ཞིག་མེད་ན། གཞན་བཀུར་གྱི་འདུ་ཤེས་དང་རྒན་བཀུར་གཞོན་བྱམས་ལ་སོགས་པའི་སྲོལ་བཟང་རྣམས་རྒྱུན་སྐྱོང་མི་ཐུབ། རྒྱུ་མཚན་ནི་སེམས་ཤུགས་དང་སྙིང་སྟོབས། སྤོབས་པ་དང་ལ་རྒྱ་ལ་སོགས་པའི་སེམས་ཀྱི་ནུས་པ་རྣམས་རང་བཀུར་གྱི་འདུ་ཤེས་ལ་བརྟེན་པས་ཡིན། རང་བཀུར་གྱི་འདུ་ཤེས་བརྟན་པོ་ཡོད་ན་ལས་དོན་གང་ཞིག་ཡིན་ཀྱང་མཇུག་སྐྱོང་བྱེད་ཐུབ། དེ་བས་ང་ཚོས་རང་བཀུར་གྱི་འདུ་ཤེས་བརྟན་པོ་ཡོད་པའི་སྟེང་ནས་བུ་ཕྲུག་གསོ་སྐྱོང་བྱེད་རྒྱུ་གལ་ཆེ་བར་སེམས་སོ།།

བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་བདག་ཉིད་བདག་གི་མགོན་ཡིན་ཞེས་གསུངས་ཏེ་རྗེས་འཇུག་སློབ་མ་རྣམས་ལ་རང་བཀུར་གྱི་འདུ་ཤེས་གལ་ཆེ་བ་ཤུགས་སུ་བསྟན་ཡོད། ང་ཚོས་རང་རྒྱུད་ཀྱི་ཡོན་ཏན་རྣམས་ངོས་བཟུང་སྟེ་རང་བཀུར་གྱི་འདུ་ཤེས་སེམས་རྒྱུད་ལ་སྐྱེས་ཐབས་བྱེད་དགོས། རང་བཀུར་གྱི་འདུ་ཤེས་ནི་རང་ཉིད་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་ཡིན་པར་རློམ་པའི་འཁྲུལ་སྣང་དང་། རང་ཉིད་གཞན་ལས་ལྷག་པའི་ང་རྒྱལ་གྱི་བློ་ཕྱིན་གྱི་ལོག་པ་དེ་ཡང་མ་ཡིན་པར། རང་ཉིད་ནི་འགྲོ་བ་མི་ཞིག་ཡིན་པ་དང་།རང་རྒྱུད་ལ་ཡོད་པའི་རྣམ་དཔྱོད་དང་འཇོན་ནུས་ལ་སོགས་པའི་བཟང་བོའི་སྤྱོད་པ་རྣམས་ལ་ངོས་འཛིན་བྱེད་པ་དེ་ཡིན། དཔེར་ན། ཕ་མ་ལ་གུས་ཞབས་དང་བཟའ་ཟླ་ལ་བརྩི་བཀུར། བུ་ཕྲུག་ལ་བྱམས་སྐྱོང་བྱེད་པ་སོགས་ཡིན། རང་བཀུར་གྱི་འདུ་ཤེས་ནི་རང་ཉིད་ཀྱི་རིན་ཐང་གོང་མཐོར་གཏོང་བའི་ཆ་རྐྱེན་ཧ་ཅང་གལ་ཆེན་ཞིག་ཡིན་ཞིང་། ཀུན་སྤྱོད་ངན་པའི་དབང་བསྒྱུར་འོག་ཏུ་འགྲོ་རུ་མི་འཇུག་པའི་སྟོབས་ཤུགས་ཤིག་ཡིན། རང་བཀུར་གྱི་འདུ་ཤེས་ནི་འཚར་ལོངས་བྱེད་སའི་བྱིས་དུས་ཀྱི་ཁོར་ཡུག་དང་ཁྱིམ་མི་བཟའ་ཚང་བར་གྱི་འབྲེལ་ལམ། ཕ་མས་བུ་ཕྲུག་ལ་སློབ་གསོ་སྤྲོད་སྟངས་དང་གསོ་སྐྱོང་བྱེད་སྟངས་སོགས་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པར་བཤད། བུ་ཕྲུག་ལད་ཟློས་ལ་དགའ་ཞིང་། ལད་ཟློས་བྱེད་ཡུལ་ཕ་མ་ཡིན་ཞེས་བ་ལྟར། ཕ་མ་ལ་རང་བཀུར་གྱི་འདུ་ཤེས་ཡག་པོ་ཡོད་ན། རང་བཀུར་གྱི་འདུ་ཤེས་ཡོད་པའི་བུ་ཕྲུག་ཅིག་བསྐྱེད་སྲིང་བྱེད་པར་དཀའ་ཚེགས་མེད། རང་བཀུར་གྱི་འདུ་ཤེས་ཡོད་པའི་བུ་ཕྲུག་ཅིག་གསོ་སྐྱོང་བྱེད་ཐུབ་པ་ཡིན་ན། དར་མའི་སྐབས་སུ་རང་ཚུགས་དང་དྲང་ཚུགས་ཡོད་པའི་མི་བུ་སྙིང་སྟོབས་ཅན་ཞིག་ཏུ་འགྱུར་སྲིད་པ་ཡིན། དེ་འདྲའི་མི་དེ་རྐྱེན་ངན་བར་ཆད་ག་འདྲ་ཞིག་ལ་འཕྲད་ཀྱང་བདེན་དོན་བློས་མི་གཏོང་བར། མིའི་སྐྱེ་གཟུགས་ཡག་ཉེས་དང་ལོ་ན་རྒན་གཞོན། དབང་ཆེ་ཆུང་དང་རྒྱུ་ཡོད་མེད། ཕོ་མོ་སུ་ཡིན། ལས་རིགས་བཟང་ངན་སོགས་ལ་ཁྱད་པར་མི་འབྱེད་པར། མི་ཚང་མར་གོང་བཀུར་འདྲ་མཉམ་བྱེད་ཐུབ་པ་ཡིན་པས་ང་ཚོས་རང་བཀུར་གྱི་འདུ་ཤེས་བརྟན་པོ་ཡོད་པའི་བུ་ཕྲུག་གསོ་སྐྱོང་བྱེད་དགོས་སོ།།

སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་མི་ཞིག་ཡིན་ན་དང་པོ་རང་བཀུར་གྱི་འདུ་ཤེས་ཡོད་དགོས། གཉིས་པ་གཞན་བཀུར་གྱི་སྙིང་སྟོབས་ཡོད་དགོས། གསུམ་པ་རང་གི་ལུས་ངག་གི་སྤྱོད་པ་ལ་འགན་ཁུར་ཐུབ་དགོས་ཞེས་གསུངས་ཏེ་རང་བཀུར་གྱི་འདུ་ཤེས་ཡོད་དགོས་པ་དེ་དང་པོ་ལ་བཞག་ཡོད་པ་དང་། མི་ཞིག་ལ་མཚོན་ན་རང་བཀུར་གྱི་འདུ་ཤེས་ནི་ཧ་ཅང་གལ་ཆེན་པོ་ཡིན། རང་བཀུར་གྱི་འདུ་ཡོད་ན་དྲན་ཤེས་བསྟེན་ཐུབ་པ་དང་བློ་བརྟན་པོ་གནས་ཐུབ་པ་ཡིན། དྲན་ཤེས་བསྟེན་ཐུབ་པའི་མི་ཞིག་ཡིན་ན་བློ་ཕྱིན་ལོག་པ་ཚོས་དབང་དུ་མི་འགྲོ་བར། བླ་མ་དང་གྲྭ་བ།ཕ་མ་དང་དགེ་རྒན། མཛད་རྒྱས་ཅན་གྱི་མི་སྣ་རྣམས་ལ་གོང་བཀུར་དང་ཡི་རང་བྱེད་ཐུབ་པ་དང་། མི་རིགས་ཀྱི་ཚབ་མཚོན་དུ་གྱུར་བའི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་མི་ཉམས་རྒྱུད་འཛིན་དང་ཡར་རྒྱས་གོང་སྤེལ་གྱི་ལས་དོན་ལ་གཞོལ་ཏེ་རང་གི་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཡིན། རང་བཀུར་གྱི་འདུ་ཤེས་ཡོད་ན་འཚོ་བའི་ཁྲོད་དུ་དཀའ་ངལ་ག་འདྲ་ཞིག་ལ་འཕྲད་ཀྱང་རང་གི་ཡབ་མེས་གོང་མ་རྣམས་ཀྱི་མཚན་མཐོང་ལ་རྒྱར་གནོད་པའི་ལས་ངན་དག་ནམ་ཡང་མི་སྒྲུབ་པ་དང་། རྒྱུ་ནོར་ལོངས་སྤྱོད་དང་གོ་གནས་དང་དབང་ཆ། རྐྱེན་ངན་དང་བར་ཆད་སོགས་ཀྱིས་ཇི་ཙམ་བཙུར་ཤུགས་ཆེ་ནའང་རང་གི་རྩིས་ཐང་དང་འོས་འགན་རྣམས་བློས་གཏོང་མི་བྱེད། རང་བཀུར་གྱི་འདུ་ཤེས་ཡོད་ན་ཡུལ་མི་ཁྱིམ་མཚེས་དང་གྲོགས་པོ་གྲོགས་མོ་རྣམས་ལ་ལྷད་མེད་ཀྱི་བྱམས་བརྩེ་དང་བཀུར་བསྟི་བྱས་ཏེ་ཕན་པའི་བྱ་བ་སྒྲུབ་ཅི་ཐུབ་བྱེད་པ་ལས། རྫུན་དང་ཕྲ་མ། ཚིག་རྩུབ་དང་ངག་འཆལ་སོགས་བཤད་དེ་སྤྱི་ཚོགས་དཀྲུག་པའི་ལས་ཀ་ལ་མི་འཇུག རང་བཀུར་གྱི་འདུ་ཤེས་ཡོད་ན་རང་གི་ཞན་ཆ་ངོས་བཟུང་སྟེ་ལེགས་བཅོས་གཏོང་ཐབས་བྱེད་པ་དང་རང་དཔེ་གཞན་སྟོན་གྱི་ལམ་ནས་ཁྱིམ་ཚང་སྐྱོང་བ་ལས་རང་གི་བཟའ་ཟླ་དང་བུ་ཕྲུག་ལ་དབང་བསྒྱུར་མི་བྱེད་ལ། ཁོང་ཚོའི་རང་དབང་དང་ཐོབ་ཐང་ལ་གུས་བཀུར་བྱེད་པ་ཡིན། རང་བཀུར་གྱི་འདུ་ཤེས་ཡོད་ན་གཉེན་སྒྲིག་གི་དམ་བཅའ་བརྟན་པོ་སྲུང་སྟེ་རང་གི་བཟའ་ཟླ་དང་བུ་ཕྲུག་གི་ལུས་ངག་ཡིད་གསུམ་ལ་ཤུགས་རྐྱེན་ངན་པ་འཇོག་པའི་རྒྱུ་ཕྲ་མོ་ཙམ་ཡང་མི་བསྒྲུབ་པ་དང་། ཆོད་སེམས་བརྟན་པོའི་སྒོ་ནས་ཁྱིམ་ཚང་གི་བདེ་སྐྱིད་དང་བུ་ཕྲུག་གི་མདུན་ལམ་གྱི་ཆེད་དུ་བརྩོན་པ་ལྷོད་མེད་བྱེད་ངེས། རང་བཀུར་གྱི་འདུ་ཤེས་ཡོད་ན་རང་ཉིད་ཀྱི་ལས་དབང་ལ་རང་གིས་བསྒྱུར་བཅོས་གཏོང་ཐུབ་པའི་ཡིད་ཆེས་དང་གདེང་ཚོད་ཡོད་པ་དང་དྲང་བདེན་ལ་སོགས་པའི་བཟང་སྤྱོད་རྣམས་བློས་མི་གཏོང་། ཀ་བ་བཞིན་དུ་དྲང་དགོས། ཀ་རྡོ་བཞིན་དུ་བརྟན་དགོས་ཞེས་པ་ལྟར། གཙོ་ཆེ་ཤོས་མི་གཞན་གྱིས་རང་ཉིད་ལ་བཟང་ངན་དང་བསྟོད་སྨད་ཅི་བྱེད་ལ་མ་ལྟོས་པར་ཆོད་སེམས་བརྟན་པོའི་སྒོ་ནས་ནམ་ཡང་རང་ཚུགས་བརྟན་པོ་འཛིན་ཐུབ་པ་ཡིན་ནོ།།

རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གོམས་ན་སླ་བར་མི་འགྱུར་བའི།། དངོས་དེ་གང་ཡང་ཡོད་མ་ཡིན།། ཞེས་གསུངས་པ་ལྟར་རང་བཀུར་གྱི་འདུ་ཤེས་རང་རྒྱུད་ལ་སྐྱེ་བའི་ཆེད་དུ་རང་གི་ཡོན་ཏན་གྱི་སྐོར་ལ་བསམ་བློ་གཏོང་བའི་གོམས་གཤིས་ཡོད་པ་ཡིན། རང་རྒྱུད་ཀྱི་ཡོན་ཏན་རྣམས་ག་ཚོད་ངོས་འཛིན་ཐུབ་པ་ཡིན་ན། དེ་ཚོད་ཀྱིས་རང་བཀུར་གྱི་འདུ་ཤེས་གོང་འཕེལ་དུ་འགྲོ་བ་ཡིན། དེས་ན་ང་ཚོས་ཁྱིམ་སྐྱོང་གི་བྱ་བ་ཕར་ཕྱིན་དྲུག་ལ་སྦྱར་ཏེ་རང་རྒྱུད་ལ་ཡོན་ཏན་གང་ཞིག་ཡོད་མིན་ལ་བརྟག་ཞིབ་བྱས་པ་ཡིན་ན། རང་གི་འཇོན་ནུས་ལ་དཔག་པའི་གཞན་གྱི་བདེ་སྐྱིད་ལ་ཕན་པའི་བྱ་བ་རྣམས་ངོ་འཕྲོད་པ་དང་རང་རྒྱུད་ལ་རང་བཀུར་གྱི་འདུ་ཤེས་སྐྱེ་པར་ཕན་ཐོགས་ཡོད་པར་སྙམ། སྦྱིན་པ་བཏང་ན་རང་གཞན་གཉིས་ཀྱི་ལུས་སེམས་ལ་ཕན་པ་ཞིག་ཡིན་ཞིང་། དཔེར་ན་གུས་བརྩི་དང་འཛུམ་མདངས་ཀྱི་སྤྱིན་པ་ལྟ་བུ་ནི་ཁྱིམ་མི་དང་ཡུལ་གྲོགས་ཚང་མས་་ལོངས་སྤྱོད་ཐུབ་པ་ཡིན། ཚུལ་ཁྲིམས་སྲུང་ན་རང་གི་ལུས་ངག་གི་སྤྱོད་པ་ལས་རང་གཞན་སུ་ལའང་ཤུགས་རྐྱེན་ངན་པ་ཐེབས་སུ་མི་འཇུག་པ་དང་མི་འདོད་པའི་སྡུག་བསྔལ་ལས་སྐྱོབ་ཐུབ་པ་ཡིན། བཟོད་པ་སྒོམ་པ་ནི་རང་རྒྱུད་ཀྱི་ཉོན་མོངས་དུག་གསུམ་ལ་ཁ་གཏད་གཅོག་བྱེད་ཀྱི་མཚོན་ཆ་ལྟ་བུ་ཞིག་ཡིན་ཞིང་། བཟའ་ཟླ་བུ་ཕྲུག་ལ་སོགས་པའི་ཡུལ་མི་ཁྱིམ་མཚེས་ཚང་མ་ཞི་བར་གནས་ཐུབ། བརྩོན་འགྲུས་བྱེད་པ་ནི་སྙིང་སྟོབས་འགྱུར་བ་མེད་པར་ཕན་བདེའི་བྱ་བར་འབད་དེ་རྣམ་གཡེང་དང་ལེ་ལོའི་གཞན་དབང་དུ་མི་འགྲོ་བར་བྱ་བ་ཅི་ཞིག་ཡིན་ཡང་སྒྲུབ་སླ་བ་ཡིན། བསམ་གཏན་ནི་རང་སེམས་གང་སར་གཡེང་དུ་མི་འཇུག་པར་བློ་རྩེ་གཅིག་ཏུ་གནས་པའི་སྒོ་ནས་ཕན་པའི་ལས་ལ་ཞུགས་ཏེ་རང་དང་གཞན་གྱི་བྱ་བ་ལ་འཐུས་ཤོར་མི་གཏོང་བ་དེ་ཡིན། ཤེས་རབ་ནི་ལེགས་ཉེས་ཀྱི་དབྱེ་བ་གསལ་བོར་འབྱེད་པ་དང་གནས་ལུགས་དང་བདེན་པའི་ལམ་དུ་འཇུག་པའི་ལམ་མཁན་ལྟ་བུ་ཞིག་ཡིན་པར་སྣང་། དེ་ལྟར་ན་ཉིན་རེ་བཞིན་རང་རྒྱུད་ལ་ཕ་རོལ་དུ་ཕྱིན་པ་དྲུག་དང་འབྲེལ་པའི་ཡོན་ཏན་འཇགས་ཐབས་ལ་འབད་པ་བྱས་པ་ཡིན་ན། རིམ་གྱིས་རང་བཀུར་གྱི་འདུ་ཤེས་རང་རྒྱུད་ལ་སྐྱེ་བ་དང་ཡར་རྒྱས་གོང་འཕེལ་དུ་འགྲོ་ཐུབ་པ་ཡིན་ནོ།།

མི་ཞིག་ལ་མཚོན་ན་རང་བཀུར་གྱི་འདུ་ཤེས་ནི་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། རང་བཀུར་གྱི་འདུ་ཤེས་མེད་པའི་མི་ཞིག་ཡིན་ན་འཚོ་བའི་དགོས་མཁོ་དང་འབྲེལ་བའི་ལས་དོན་ལ་ཞུགས་པའི་སྙིང་སྟོབས་མེད། གལ་སྲིད་འཚོ་བའི་དགོས་མཁོ་དང་འབྲེལ་བའི་ལས་དོན་ལ་ཞུགས་ཐུབ་ཀྱང་སེམས་ཤུགས་བསྐྱེད་དེ་ལས་དོན་རྒྱུན་སྐྱོང་མི་ཐུབ། རང་བཀུར་གྱི་འདུ་ཤེས་ནི་རང་གི་ཡོན་ཏན་ལ་ལྟ་བའི་མེ་ལོང་དང་འདྲ་ཞིང་གཞན་གྱི་ཡོན་ཏན་མཐོང་བའི་ཤེས་རབ་ཀྱི་མིག་དང་མཚུངས་པ་ཡིན། རང་བཀུར་གྱི་འདུ་ཤེས་མེད་ན་མི་ཚེའི་སྙིང་བོ་ལེན་མི་ཐུབ་པ་དང་འཚོ་བའི་དགོས་མཁོ་སྒྲུབ་མི་ཐུབ། དུས་ཚོད་ཀྱི་རིན་ཐང་མི་རྟོགས་པར་མི་ཚེ་འཕྲོ་བརླག་ཏུ་གཏོང་བ་ཡིན། བདེ་བ་འདོད་ཅིང་བརྩི་བཀུར་ལ་མོས་པའི་མི་དག་ལ་འདྲ་མཉམ་གྱིས་བརྩི་བཀུར་བྱེད་མི་ཐུབ་པར། དབང་ཆེན་དང་ཕྱུག་ཆེན་རྣམས་ལ་ངོ་དགའ་སྤྲེལ་ལད་བྱེད་པ་དང་ཉམ་ཆུང་འཁོས་ཞན་རྣམས་ལ་མཐོང་ཆུང་དང་དམའ་འབེབས་བྱས་ཏེ་རང་མཚང་ངན་པ་སྟོན་པ་ཡིན། རང་ཉིད་ཀྱི་སེམས་ལ་རྩ་དོན་ཞེས་པ་དང་ལངས་ཕྱོགས་ཟེར་བ་ཞིག་མེད་པར་སྤྱི་ཚོགས་ཁྲོད་ཀྱི་འཆལ་གཏམ་སྣ་ཚོགས་ཀྱི་རྗེས་སུ་ཆུ་སྣ་གར་ཁྲིད་ཀྱིས་རྒྱུགས་ཏེ་མི་ཚེའི་རིན་ཐང་དོན་མེད་ཆུད་ཟོས་སུ་གཏོང་བ་ཡིན། རང་བཀུར་གྱི་འདུ་ཤེས་མེད་ན་མི་གཞན་གྱི་ཤུགས་རྐྱེན་ཐེབས་སླ་ཞིང་བཟའ་ཟླ་བུ་ཕྲུག་དང་བཅས་པ་བྲན་གཡོག་ལྟར་བཀོལ་ཏེ་ཁོ་ཚོ་ལ་ལུས་ཐོག་ངག་ཐོག་ནས་མནར་བཅོད་བཏང་སྟེ་མི་ཚེ་སྡུག་བསྔལ་ལ་སྦྱོར་བ་ཡིན། རང་བཀུར་གྱི་འདུ་ཤེས་མེད་ན་བཟའ་ཟླ་ཡོད་བཞིན་དུ་སྨད་ཚོང་མ་བསྟེན་པ་དང་དཔལ་འབྱོར་ཡོད་བཞིན་དུ་རྐུ་བྱེད་པ། དུ་བ་འཐེན་པ་དང་ཆང་འཐུང་བ། ཤོ་རྒྱག་པ་དང་རྒྱན་འཇོག་པ་སོགས་བྱས་ཏེ་བཟའ་ཟླ་བུ་ཕྲུག་གིས་འབད་ནས་བསགས་པའི་རྒྱུ་ནོར་རྣམས་འཕྲོ་བརླག་ཏུ་གཏོང་བ་དང་། བཟང་ཚང་བར་དུ་ཁ་ངན་ཚིག་རྩུབ་ཁོ་ན་བཤད་དེ་བཟའ་མི་བུ་ཕྲུག་གི་སེམས་ཁམས་ནད་པ་བཟོ་བ་ལ་སོགས་པའི་ཁྱིམ་ཚང་གི་བདེ་སྐྱིད་རྩ་གཏོར་གཏོང་བ་ཡིན། རང་བཀུར་གྱི་འདུ་ཤེས་ནི་གལ་ཆེ་ཞིང་། ལྷག་པར་དུ་ཕ་མ་རྣམས་ལ་རང་བཀུར་གྱི་འདུ་ཤེས་མེད་པ་ཡིན་ན་རང་བཀུར་གྱི་འདུ་ཤེས་ཡོད་པའི་བུ་ཕྲུག་ཅིག་གསོ་སྐྱོང་བྱེད་པར་དཀའ་ཁག་ཡོད་པ་ཤེས་དགོས་སོ།། 

མདོར་ན་རང་བཀུར་གྱི་འདུ་ཤེས་ནི་རང་ཉིད་ཡར་རྒྱས་གཏོང་བྱེད་ཀྱི་མཐུན་རྐྱེན་གལ་ཆེ་ཤོས་ཡིན་པ་མ་ཟད། གཞན་བཀུར་གྱི་གོམས་གཤིས་རང་རྒྱུད་ལ་འཇགས་པའི་སྔོན་འགྲོ་ལྟ་བུ་ཞིག་ཡིན། རང་བཀུར་གྱི་འདུ་ཤེས་མེད་ན་རང་གཞན་གྱི་འཇོན་ནུས་ལ་སོགས་པའི་བཟང་ཆའི་སྐོར་ལ་བསམ་བློ་གཏོང་མི་ཐུབ་པ་དང་རང་གཞན་གྱི་དགེ་མཚན་དང་ཡོན་ཏན་རྣམས་ངོས་འཛིན་བྱེད་མི་ཐུབ། རང་ཉིད་ཀྱི་འཇོན་ནུས་རང་གིས་ངོས་འཛིན་མ་ཐུབ་པ་ཡིན་ན། འཚོ་བ་དང་འབྲེལ་བའི་ལས་དོན་ལ་ཞུགས་པའི་སྐབས་སུ་གདེང་ཚོད་དང་སྤོབས་པ་མེད། དེ་བཞིན་དུ་གཞན་བཀུར་གྱི་བློ་མི་སྐྱེ། དེར་བརྟེན་རང་བཀུར་གྱི་འདུ་ཤེས་ནི་ཧ་ཅང་གལ་ཆེ་བ་ཡིན། རང་བཀུར་གྱི་འདུ་ཤེས་ཡོད་ན་རང་དང་ཁྱིམ་ཚང་གི་ཆེད་དུ་རང་གི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་སྟེན་ལ་སོགས་པར་བདག་གཅེས་བྱས་ཏེ་ཁྱིམ་མི་ཡོངས་ལ་ཤུགས་རྐྱེན་དང་བག་ཆགས་ངན་པ་མི་ཐེབས་པ་ཡིན། རང་བཀུར་གྱི་འདུ་ཤེས་ནི་གཞན་བཀུར་གྱི་འདུ་ཤེས་སྐྱེ་བའི་ཞིང་ས་ལྟ་བུ་ཞིག་ཡིན་པས་ཧ་ཅང་གལ་ཆེ། རང་བཀུར་གྱི་འདུ་ཤེས་ཡོད་པའི་མི་དེས་རང་སར་གཞན་འཇོག་པ་དང་གཞན་སར་རང་བཞག་སྟེ་བཟང་ཚང་བར་དུ་བསམ་ཤེས་དང་འཚོ་བའི་ཁྲོད་དུ་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་པ་ཡིན་ནོ།།

 

Topic: རང་བཀུར་གྱི་འདུ་ཤེས་ཡོད་ན་བུ་ཕྲུག་གསོ་སྐྱོང་བྱེད་སླ།

No comments found.

New comment

Contact

Administrator 416-453-9887 admin@wildyaks.com