སྟོད་ཀྱི་ཉི་མ་ལྷ་ས།

འབྲོག་པ་རྒན་རྒོན་གཉིས་ལ་ལྷ་མོ་དོན་གྲུབ་ཅེས་འབོད་པའི་བུ་ཡ་རབས་ཤིག་ཡོད། བུ་ཆུང་གི་སེམས་སུ་དུས་རྒྱུན་ཏུ་རང་གི་ཕ་མ་གཉིས་སྟོད་ཉི་མ་ལྷ་ས་རུ་གནས་མཇལ་དུ་འཁྲིད་ཐུབ་ན་ཅི་མ་རུང་བསམ་གྱིན་ཡོད། ཉིན་ཞིག་ཁོ་མཁའ་འགྲོ་མ་ཞིག་ཡོད་པ་དེའི་དྲུང་དུ་སོང་ནས་དོན་དེ་ཞུས་པ་ན། མཁའ་འགྲོ་མའི་ཞལ་ནས། ཉི་མ་ལྷ་སར་འགྲོ་ན། མཆོག་གསུམ་སྤྱི་བོར་བཀུར་ཏེ། གཞན་དོན་སྒྲུབ་བཞིན་སོང་དང་། བསམ་དོན་ཆོས་བཞིན་འགྲུབ་འོང་ཅེས་གསུང་བས་ན། ཁོ་རབ་ཏུ་དགའ་སྟེ་ཕ་ཡུལ་གྱི་ཕྱོགས་སུ་རྒྱུགས།

 

ཕ་མ་གཉིས་ཀྱིས་སྦྲ་སྒོ་ནས་མ་ཎི་འདོན་བཞིན་བསྡད་ཡོད་པ་དང་། ལྷ་མོ་དོན་གྲུབ་རྒྱུག་ཞོར་དང་འདུར་ཞོར་དུ། ཨ་ཕ། ཨ་མ། ང་ཚོ་སྟོད་ཉི་མ་ལྷ་ས་ལ་འགྲོ། ལྷ་ས་ལ་འགྲོ་ཞེས་སྐད་རྒྱག་ཞོར་དུ་ཕ་མ་གཉིས་ཀྱི་མདུན་དུ་བསླེབས། ཕ་རྒན་ན་རེ། ཨ་ཕའི་གཅེས་ཕྲུག ཉོན་དང་། སྟོད་ཉི་མ་ལྷ་ས་ནི་ཁ་ཐག་ཤིན་ཏུ་རིང་བས། ང་ཚོ་སླེབས་ཐུབ་ས་ཞིག་མ་རེད་ཅེས་བཤད། དེ་ནས་ཨ་མ་རྒན་མོས་ཀྱང་ལྷ་མོ་དོན་གྲུབ་གྱི་འགྲམ་པ་སྐྱོར་ཏེ། ཨ་མའི་གཅེས་ལོ། སྟོད་ཉི་མ་ལྷ་ས་ནི་ལོ་ལོན་གཉིས་དང་བྱིས་པ་གཅིག་ཐོན་ས་ཞིག་མ་རེད་ཅེས་ཁོའི་དཔྲལ་བར་འོ་ཞིག་བྱས། དེ་ནས་ལྷ་མོ་དོན་གྲུབ་གྱིས་འདི་ལྟར་ཞུས་སོ། བཀའ་དྲིན་ཆེ་བའི་ཨ་ཕ་ལགས། བྱམས་སེམས་ཆེ་བའི་ཨ་མ་ལགས། བྱིན་རླབས་ཆེ་བའིམཁའ་འགྲོ་མས། འཁྲུལ་མེད་ལུང་བསྟན་བཟང་བོ་ཡོད། ཅེས་ནན་ཞུ་བྱས་མཐར། ཕ་མ་གཉིས་ཀྱིས་དོན་དེ་ཁས་བླངས་སོ།

 

ཕྱི་ཉིན་ཞོགས་པ་ཁོང་གསུམ་གྱིས་ཁུར་བོ་རེ་ཁུར་ཏེ་སྟོད་ཉི་མ་ལྷ་སའི་ཕྱོགས་སུ་ཆས། དེ་ནས་ཉིན་ཞག་མང་བོ་སོང་བའི་ཉིན་ཞིག་ལ། ལུང་བ་རྩྭ་མེད། ཆུ་མེད། སེམས་ཅན་གཅིག་ཀྱང་མེད་པའི་ལུང་སྐམ་ཞིག་ཏུ་བསླེབས། ལུང་བ་དེ་ན་འབུ་ཆེ་ཆུང་མང་བོ་ཚ་བའི་སྡུག་བསྔལ་གྱིས་མནར་ཏེ་བཟོད་དཀའ་བའི་གནས་སུ་གྱུར་ཡོད་པ་མཐོང་ནས། དེ་ལ་སྙིང་རྗེ་ཚད་མེད་པ་སྐྱེས་ཏེ། སེམས་ཅན་ཐམས་ཅན་བདེ་བ་དང་། བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་གསོལ་འདེབས་གྲངས་མེད་བྱས་པ་ན། ཤར་ཕྱོགས་ནས་རླུང་ཆེན་པོ་ཞིག་གཡུགས་ཏེ། སྡོང་ཕྲུག་ཆུང་ཆུང་མང་བོ་ཁོང་ཚོའི་རྒྱབ་མདུན་དང་། གཡས་གཡོན་ཐམས་ཅད་ལ་སྤུངས་སོ།

 

དེ་ནས་ཁོང་རྣམས་ཀྱིས་འབུ་ཆེ་ཆུང་རྣམས་ཚ་བའི་སྡུག་བསྔལ་ལས་སྐྱོབ་ཆེད། ཉིན་མཚན་མེད་པར། ལུང་བ་དེའི་སྒང་གཞུང་ཐམས་ཅད་ལ་ཤིང་ནགས་བཙུགས། དེ་ནས་ཤིང་ནགས་ཡོད་ཚད་བཙུགས་ཚར་བ་ན། ཕ་མ་གཉིས་ངལ་དུབ་ཀྱིས་ཐང་ཆད་ནས་ལུས་པོ་འགུལ་ཙམ་ཡང་བྱེད་མི་ནུས་པའི་གནས་སུ་ལྷུང་།ལྷ་མོ་དོན་གྲུབ་གྱིས་ལག་ཟུང་ཐལ་མོར་སྦྱར་ཏེ། དཀོན་མཆོག་གསུམ་ལ་གསོལ་བ་ཤུགས་དྲག་བཏབ་པ་ན། གློ་བུར་དུ་བྱ་རྒྱལ་རྒོད་པོ་ཞིག་གིས་ཁོང་ཚོ་གསུམ་པོ་ཡར་གཤོག་སྟེང་ལ་བླངས་ནས་དགུངས་སྔོན་དབྱིངས་སུ་འཕུར་ཏེ་མེ་ཏོག་སྣ་ཚོགས་སྐྱེས་པའི་གནས་ཤིག་ཏུ་བཞག་གོ

 

 

དེ་ནས་དུས་ཡུན་རིང་བོ་སོང་བ་ན།ཁོང་ཚོས་བཙུགས་པའི་ཤིང་ནགས་ཆུང་ཆུང་རྣམས་ཆེན་པོར་སྐྱེས་ཏེ།ལུང་བ་དེར་གནས་པའི་འབུ་ཆེ་ཆུང་རྣམས་ཚ་བའི་གདུང་བའི་སྡུག་བསྔལ་ལས་ཐར་བ་རེད།དུས་དེ་ནས་བཟུང་ལུང་བ་དེར་ཆར་ཆུ་དུས་སུ་འབབ་པ་དང་། སླར་ཡང་མེ་ཏོག་སེར་ཆེན་གྱིས་ཡོངས་སུ་ཁེངས་བའི་ལུང་བ་ཡིད་དུ་འོང་བ་ཞིག་ཏུ་གྱུར་རོ།།

 

སྒྲུང་དང་རི་མོ་མཁས་གྲུབ་གྱིས་བྲིས་པ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག


Contact Us

Contact

Administrator 416-453-9887 admin@wildyaks.com