གླང་ཆེན་དང་ཁྱི།

གནའ་སྔ་མོ་ཞིག་ན། ཁྱི་ལྡོམ་ཞིག་ནམ་རྒྱུན་རྒྱལ་པོ་ཚང་གི་གླང་ཆེན་ར་བའི་ནང་དུ། ཟས་ལྷག་དང་འཐུང་ལྷག་འཚོལ་དུ་འགྲོ་གི་ཡོད་པ་དང་། ཉིན་རྟག་པར་གླང་ཆེན་ར་བའི་སྒོ་ནས། གླང་ཆེན་གྱི་ཟས་་ལྷག་དང་འཐུང་ལྷག་ལས་བཟའ་བཏུང་ཉུང་ངུ་རེ་ཐོབ་ན་སྙམ་ཏེ་སྒུག་ནས་ཡོད་པ་རེད།དེ་ལྟར་ཉིན་མང་བོ་སོང་བའི་རྗེས་སུ། གླང་ཆེན་དང་ཁྱི་གཉིས་གྲོགས་པོར་གྱུར། དུས་དེ་ནས་བཟུང་གླང་ཆེན་གྱིས་ཁྱི་དང་ལྷན་དུ་ཟས་མཉམ་ཟ་དང་ཆུ་མཉམ་འཐུང་བྱས་པ་མ་ཟད། གླང་ཆེན་ཉལ་དུས། ཁྱི་དེ་ཡང་གླང་ཆེན་གྱི་རྩར་ཉལ་གྱི་ཡོད་པ་དང་། གླང་ཆེན་དང་ཁྱི་གཉིས་ཀྱིས་མཉམ་དུ་ཉིན་རྟག་པར་རྩེད་མོར་རོལ་ཏེ། གཅིག་མེད་ན་གཅིག་མི་སྐྱིད་པའི་འབྲེལ་བ་ཟབ་མོ་ཆགས་པ་རེད།

ཉིན་ཞིག་ཞིང་པ་ཞིག་རྒྱལ་སར་བརྒྱུད་ནས་སོང་དུས། ཁྱི་དེ་མཐོང་བ་དང་སེམས་ལ། ཇི་འདྲའི་ཁྱི་ཡག་པོ་ཞིག་རེད་བསམ་པ་དང་། གླང་རྫིའི་མདུན་དུ་སོང་སྟེ། ཀྱེ་གྲོགས་པོ། གླང་ཆེན་དང་ལྷན་དུ་རྩེད་བཞིན་ཡོད་པའི་ཁྱི་དེ་བཙོང་ངམ། གལ་ཏེ་བཙོང་ན་ངས་རིན་གོང་ལ་མི་ལྟ་ཞེས་བཤད། གླང་་རྫིའི་སེམས་ལ། ལས་བཟང་ན་དངུལ་གྱིས་སྒོ་བརྡུང་ལབ་པ་ལོས་བདེན་བསམ་སྟེ། ཁྱི་དེ་ཞིང་པ་དེར་བཙོངས་པ་རེད། ཞིང་པ་དེ་དགའ་ཐག་ཆོད་དེ་ཁྱི་ཁྲིད་ནས་གྲོང་གསེབ་ཏུ་ལོག་སོང་།

  གླང་ཆེན་དེ་ཁྱི་དང་ཁ་བྲལ་བའི་རྗེས་སུ། སེམས་ཧ་ཅང་སྐྱོ་སྟེ། ཟས་བཟའ་བའི་འདུན་པ་དང་།  བཏུང་བ་འཐུང་བའི་འདུན་པ་ཡོངས་སུ་བྲལ། ལྷག་པར་དུ་ཟས་བཟའ་བའི་དུས་ཚོད་དང་། ཁྲུས་བྱེད་པའི་དུས་ཚོད་ལ་སླེབས་དུས། རང་གི་གྲོགས་པོ་ཁྱི་དེ་ཧ་ཅང་དྲན་ནས་སེམས་སྡུག་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། ཉིན་གཉིས་པ་དང་གསུམ་པ་ལའང་། དེ་བཞིན་དུ་ཟས་མ་ཟོས་པ་དང་ཁྲུས་བྱེད་དུ་མ་བཅུག་པ་རེད།

སྐབས་དེར་གླང་ཆེན་གྱི་གནས་ཚུལ་རྒྱལ་བོས་གསན་ཏེ། བློན་པོ་ཞིག་གླང་ཆེན་ར་བའི་ནང་དུ་གླང་་ཆེན་གྱི་ལུས་ལ་རྟག་དཔྱད་བྱེད་དུ་མངགས་པ་དང་། བློན་པོས་གླང་ཆེན་གྱི་མགོ་ནས་མཇུག་བར་དུ་ཞིབ་གཤེར་ཡག་པོ་བྱས་རྗེས། གླང་རྫི་ལ་བཤད་དོན། གླང་ཆེན་གྱི་ལུས་ལ་ན་ཚ་གང་ཡང་མི་འདུག འོན་ཀྱང་སེམས་སྡུག་བསྔལ་གྱི་ནང་ལ་ལྷུང་འདུག་པས། གླང་ཆེན་གྱི་རྩེད་གྲོགས་བཟང་བོ་དེ་འདྲ་བརླག་སོང་བ་འདྲ་མིན་ནམ་ཞེས་སྐད་ཆ་དྲིས། གླང་རྫི་ན་རེ།  སྔོན་མ་གླང་ཆེན་ལ་ཟས་ཟ་ན་མཉམ་ཟ་དང་། གཉིད་ཉལ་ན་མཉམ་ཉལ་བྱེད་པའི་རྩེད་གྲོགས་ཁྱི་ཡག་པོ་ཞིག་ཡོད། ཁྱི་དེ་ཉིན་གསུམ་གྱི་སྔོན་ལ་ཞིང་པ་ཞིག་གིས་ཁྲིད་དེ་ཕྱིན་སོང་ཞེས་བཤད། དེ་ནས་བློན་པོས་གླང་རྫི་ལ། ཞིང་པ་དེས་ཁྱི་དེ་གང་དུ་ཁྲིད་ནས་སོང་པ་ཤེས་སམ་ཞེས་དྲིས། ཞིང་པ་གང་དུ་
སོང་བ་ངས་མི་ཤེས་ཞེས་གླང་རྫིས་ལན་བཏབ།

དེ་ནས་བློན་པོ་ཕྱིར་རྒྱལ་བོའི་དྲུང་དུ་སོང་ནས། གླང་ཆེན་གྱི་ལུས་ལ་ན་ཚ་སོགས་སྐྱོན་གང་ཡང་མི་འདུག འོན་ཀྱང་གླང་ཆེན་ལ་ཟས་ཟ་ན་མཉམ་ཟ་དང་། གཉིད་ཉལ་ན་མཉམ་གཉིད་བྱེད་མཁན་གྱི་གྲོགས་པོ་ཁྱི་གཅིག་ཡོད་འདུག ཉིན་གསུམ་གྱི་སྔོན་ལ། ཁྱི་དེ་ཞིང་པ་ཞིག་གིས་ཁྲིད་ནས་ས་གཞན་ལ་ཕྱིན་འདུག་པས། གླང་ཆེན་གྱིས་ཁྱི་དེ་དྲན་ནས། སེམས་སྡུག་བསྔལ་ནང་དུ་ལྷུང་འདུག་ཅེས་ཞུས། རྒྱལ་བོ་ན་རེ། ཞིང་པས་ཁྱི་དེ་གང་དུ་ཁྲིད་འདུག་ཞེས་དྲིས། གླང་རྫིས་ཞིང་བ་ཞིག་གིས་ཁྲེད་དེ་ཕྱིན་སོང་ཞེས་བརྗོད་པ་ལས་ས་གང་ལ་ཁྲིད་པ་ཤེས་མི་འདུག་ཅེས་ཞུས།
རྒྱལ་བོ་ན་རེད། དེ་ན་སྐྱོན་མི་འདུག ངས་རྒྱལ་ཡོངས་ལ་ཕོ་ཉ་མངགས་ཏེ། ཁྱི་ཉོ་མཁན་གྱི་ཞིང་པ་རྙེད་ཐབས་བྱེད་ངེས་ཞེས།  ཕོ་ཉ་མང་བོ་གང་སར་མངགས་ཏེ་ཞིང་པ་དང་ཁྱི་རྙེད་མཁན་ཞིག་ཡོད་ན། བྱ་དགའ་ཡག་པོ་སྤྲོད་ཀྱི་ཡིན་ཞེས་གང་ས་གང་ལ་བརྡ་བཏང་།ཞིང་པས་གནས་ཚུལ་དེ་ཐོས་ནས། ཁྱི་དེ་ཕྱིར་རྒྱལ་བོའི་གླང་ཆེན་ར་བར་བསྐྱལ་བ་ན། ཁྱི་དེ་རྒྱུགས་ཐེངས་གཅིག་གིས་གླང་ཆེན་གྱི་དྲུང་དུ་རྒྱུགས་པ་དང་། གླང་ཆེན་ཡང་རང་གི་གྲོགས་པོ་ཁྱི་དེ་མཐོང་བས། རབ་ཏུ་དགའ་སྟེ།སྣས་ཁྱི་དེ་ཡར་བཅག་སྟེ་མགོ་ལ་བཞག མར་ཁྲུས་གཞུང་ནང་དུ་འཕེན་པ་ལ་སོགས་པའི་དགའ་སྤྲོའི་རྩེད་མོ་ལ་རོལ། གླང་ཆེན་གྱིས་གླང་རྫིས་ཁྱེར་འོང་བའི་ཟས་རིགས་རྣམས་ཁྱིའི་མདུན་ལ་དེད་དེ། སྔོན་དུ་ཁྱི་ལ་ཟ་རུ་བཅུག་པ་དང་དེ་ནས་རང་གིས་ཟོས། དེ་ནས་བཟུང་གླང་ཆེན་དང་ཁྱི་གཉིས་ཀྱིས་ཚེ་གང་བོར་མཉམ་ཟ་མཉམ་འཐུང་དང་།  རྩེད་མོ་མཉམ་རྩེད་བྱས་ཏེ་སྐྱིད་པོ་བྱས་ནས་བསྡད་པ་རེད།

                                                                                 

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག