ངའི་ཕ་སྐད་བོད་སྐད་རེད། ངའི་བྱིས་པ་ལ་ཕ་སྐད་བསླབ་ཀྱི་ཡོད།

རྒྱལ་རོང་བརྩོན་འགྲུས།

 

ངའི་ཕ་ཡུལ་རྒྱལ་མོ་ཚ་བ་རོང་ནས་ཡིན། ཕྱི་ལོགས་ལ་མ་ཡོང་གོང་ཚ་སྐད་མ་གཏོགས་ཨ་མདོའི་སྐད་ཡག་པོ་མི་ཤེས། དྲྭ་ཚོམས་འདིའི་ནང་དུ་ཨ་མདོའི་སྐད་བཤད་མཁན་མང་བས་ཆ་ནས། དེ་རིང་ངས་ཨ་སྐད་སྟེང་ནས་ང་རང་གི་བྱིས་པ་གཉོར་སྐྱོང་བྱེད་སྟངས་མདོར་བསྡུས་ཤིག་བཤད་རྒྱུ་ཡིན།

 

 ང་ལ་བུ་མོ་གཉིས་ཡོད། ངའི་བུད་མེད་འཇར་མན་པ་ཞིག་ཡིན། ངའི་བྱིས་པ་གཉིས་ཀྱིས་བོད་སྐད་གཙང་མ་བཤད་ཤེས་ཀྱི་ཡོད།

 

ཚན་རིག་པ་ཚོ་ལྟར་ན། བྱིས་པ་མའི་ཁོག་ཏུ་ཞུགས་པ་ནས་གཟའ་འཁོར་ཉེར་བཞིའི་རྗེས་སུ། ཁོར་ཡུག་གི་སྐད་ཆ་གོ་ཐུབ་གྱི་ཡོད་པ་རེད་ཟེར། དེར་བརྟེན་བྱིས་པ་ལ་བག་ཆགས་འཇོག་ཕྱིར། ངས་བཟའ་ཟླའི་མངལ་གྱི་ཐད་ནས། སྐྱབས་འགྲོ་དང་། དམིགས་བརྩེ་མ་སོགས་ཁ་འདོན་བཏོན་པ་ཡིན།

 

ཐེངས་ཤིག་ང་ཚོ་འཇར་མན་ན་ཡོད་པའི་བོད་པ་ཁ་ཤས་སྤྲོ་སྐྱིད་ཅིག་ལ་སོང་བའི་སྐབས། རང་གིས་བཟའ་ཟླའི་མངལ་གྱི་ཐད་ནས་འདོན་པ་འདོན་གྱི་ཡོད་པའི་གནས་ཚུལ་དང་། བྱིས་པ་ལ་བོད་སྐད་བཤད་དགོས་པའི་གནས་ལུགས་བཤད་པ་ཡིན། ཁོང་ཚོས་བྱིས་པ་ལ་བོད་སྐད་སློབ་རྒྱུ་དེ་དཀའ་མོ་ཡིན་པའི་རྒྱུ་མཚན་མང་བོ་བཤད་སོང་བས། ངས་མ་འོངས་པར་རང་གི་བྱིས་པ་ལ་བོད་སྐད་ཁོ་ན་ལས་མི་བཤད་པའི་མནའ་བསྐྱལ་བ་ཡིན།

 

བུ་མོ་ཆེ་བ་བཙས་པའི་སྐབས་སུ་ངས་ལས་ཀ་བཟའ་འཁོར་རེ་ལ་ཉི་མ་དྲུག་རེ་བྱེད་ཀྱི་ཡོད། བུ་མོ་བཙས་ནས་ལོ་གཅིག་ལྷག་གི་རིང་ལ་བོད་པའི་བྱིས་པ་གཉོར་མཁན་རེ་གླས་ཏེ་ང་རང་གིས་སྔར་ལྟར་ལས་ཀ་བྱས་པ་ཡིན། ངའི་བུ་མོ་ལོ་གཅིག་དང་ཟླ་བ་འགའ་ཡིན་སྐབས་ཤིག་ལ་ཅུང་ཟད་ན་ནས་སྨན་ཁང་དུ་སྡོད་དགོས་བྱུང་། ང་སྨན་ཁང་དུ་བུ་མོར་ལྟ་རུ་སོང་དུས། བུ་མོས་ང་མཐོང་བ་དང་ཕར་བྲོས་སོང་། སྐབས་དེར་ངའི་སེམས་ལ་ཨ་ཁ། ང་འགྲིག་མི་འདུག ང་སྒོར་མོའི་སྟེང་ལ་སེམས་འཁོར་ནས་བུ་མོ་ལ་བརྩེ་བ་སྤྲོད་ཐུབ་མི་འདུག་པས། ད་བུ་མོའི་སེམས་ལའང་ང་ལ་བརྩེ་བ་མི་འདུག་བསམ་སྟེ། ལས་ཀ་དེ་གཡུག་ནས་ལས་ཀ་གཞན་ཞིག་བཙལ་བ་ཡིན། དེ་ནས་བཟུང་བུ་མོ་གཉོར་མཁན་མ་བཙལ་བར། ང་རང་གིས་བུ་མོ་དང་ལྷན་དུ་དུས་ཚོད་མང་ཙམ་བསྐྱལ་ཏེ་ང་རང་གིས་བུ་མོ་གཉོར་སྐྱོང་བྱས་པ་ཡིན།

 

ངའི་བུ་མོ་ལོ་གཅིག་དང་ཟླ་བ་བདུན་ཡིན་དུས་ནས་ངས་མོ་ལ་ཁ་འདོན་མང་པོ་བསླབ་པ་ཡིན། དགོང་མོ་ཉལ་ཁ་རྟག་པར་ངས་མོ་ལ་དམིགས་བརྩེ་མ་འདོན་རོགས་བྱས་པ་ཡིན། ཕྱིས་སུ་ཉལ་ཁར་དམིགས་བརྩེ་མ་འདོན་པ་དེ་མོའི་གོམས་གཤིས་ལྟ་བུར་ཆགས་སོང་། བུ་མོ་ལོ་གཅིག་དང་ཕྱེད་ཡིན་དུས། ངས་མོ་ལ་ཉིན་རེར་འདོན་པ་ཤོ་ལོ་ཀ་རེ་རེ་བསླབ་པ་ཡིན་ལ། མཆོད་ཁང་ནང་དུ་ངེད་གཉིས་ཙོག་པུར་བསྡད་དེ་ཁ་འདོན་བྱེད་པ་དང་མཉམ་དུ་ཕྱག་འཚལ་བའི་འགོ་བཙུགས་པ་ཡིན།

 

ངས་ནམ་རྒྱུན་བྱེད་ཐབས་འཇམ་པོ་དང་། རྩེད་མོ་རྩེ་ཞོར། བསྟོད་པ་འཐེན་ཞོར་སོགས་བྱས་པ་ཡིིན། དེ་ལྟར་བྱས་པས་མོ་ཁ་ཉན་པོ་འདུག་ལ། ལོ་གསུམ་གྱི་སྟེང་སྒྲོལ་མ་རིང་བ་དེ་ཆ་ཚང་བསླབ་བཞག་པ་ཡིན། ངས་བུ་མོ་ལ་འདི་ལྟར་འདོན་པ་སློབ་དགོས་པའི་རྒྱུ་མཚན་ནི་དེ་ནི་བོད་པའི་རིག་གཞུང་གི་ཆ་ཤས་ཤིག་ཡིན་པས་རེད།

 

མི་ལ་ལས་ང་ལ་ཁྱོད་ཀྱིས་བུ་ཕྲུག་ལ་བོད་སྐད་བསླབ་ཏེ་འདི་འདྲའི་དཀའ་ལས་བྱེད་དོན་ཅི་རེད་ཅེས་འདྲི་བ་དང་། བོད་སྐད་འདི་འཇར་མན་ནས་བེད་སྤྱོད་ཡོད་པ་མ་རེད་ཅེས་ལབ་ཀྱི་འདུག ངས་ཁོང་ཚོར་ང་བོད་པ་ཡིན། ངའི་ཕ་སྐད་བོད་སྐད་རེད། ངའི་བྱིས་པ་ལ་ཕ་སྐད་བསླབ་ཀྱི་ཡོད་ཅེས་ལན་འདེབས་ཀྱི་ཡོད། ང་འདུག་ས་ན་བོད་པའི་མི་གཞན་ཞིག་ཡོད། ཕ་མ་གཉིས་ཀ་བོད་ནས་ཡོང་བ་རེད། ཁོང་གཉིས་ལ་བྱིས་པ་ལོ་བརྒྱད་ཅན་ཞིག་ཡོད། བྱིས་པ་དེས་ཕ་སྐད་ཚིག་གཅིག་ཀྱང་བཤད་ཤེས་པ་མ་རེད།

 

ངའི་བུ་མོ་ལོ་བཞི་ཡིན་དུས་ནས་གང་ས་གང་ལ་མཉམ་དུ་ཁྲིད་ནས་སོང་བ་ཡིན། ལམ་བར་དུ་མེ་འཁོར། རླངས་འཁོར། གནམ་གྲུ་སོགས་ཀྱི་ནང་དུ་འགྲུལ་བཞུད་བྱེད་སྐབས། དངོས་པོ་ངོས་འཛིན་དང་མིང་ཚིག་གསར་བ་ངོ་སྤྲོད་བྱེད་ཀྱི་ཡོད། དཔེར་ན་སྐས་སྒམ་ནང་དུ་འགྲོ་དུས་ཨང་ཀི་སློབ་ཀྱི་ཡོད། བྱིས་པ་ལ་སྐད་སློབ་པའི་གོ་རིམ་ཁྲོད་དུ་ཤེས་དགོས་པའི་རྩ་དོན་གཅིག་ནི་བྱིས་པ་ཉོབ་ཏུ་མི་འཇུག་པ་དང་སྤྲོ་སྣང་སྟེར་བའི་རྩེད་མོ་རྩེ་ཞོར་དུ་དངོས་པོ་ངོས་འཛིན་དང་མིང་བརྡ་ངོ་སྤྲོད་བྱེད་པ་དེ་རེད།

 

བོད་སྐད་ལ་སྤྲོ་སྣང་འབྱུང་ཐབས་གཅིག་ནི། བྱིས་པ་ལ་བོད་ཡིག་གི་དེབ་ཀློག་རྒྱུ་དེ་རེད། བྱིས་པ་ཉལ་སར་འཇོག་སྐབས་ནུབ་མོ་རྟག་པར་དེབ་ཀློག་དགོས། དེ་ནས་དཔེ་མཛོད་ཁང་དང་དེབ་ཚོང་ཁང་ལ་འཁྲིད་དགོས། དེ་ལྟར་བྱས་ན་དཔེ་དེབ་ནི་བྱིས་པའི་འཚོ་བའི་ནང་གི་ཆ་ཤས་སུ་འགྱུར་བ་དང་། བྱིས་པའི་མི་ཚེའི་ནང་དུ་ཆེས་ཡག་པའི་གྲོགས་པོར་འགྱུར་ཐུབ་པ་ཡིན།

 

ངའི་བྱིས་པ་གཉིས་བཙས་ནས་བཟུང་ངས་བརྙན་འཕྲིན་ལ་ལྟ་གི་མེད། ཕ་མས་བརྙན་འཕྲིན་ལ་ལྟ་རྒྱུ་མང་སོང་བ་ཡིན་ན། བྱིས་པ་གསོ་སྐྱོང་བྱེད་སྟངས་ཀྱི་ཐད་ནས་འཐུས་ཤོར་འགྲོ་གི་འདུག ངས་བྱིས་པ་གཉིས་ལ་གློག་ཀླད་དང་ཁ་པར་ནང་དུ་མང་པོ་འཛུལ་དུ་འཇུག་གི་མེད། གཟའ་འཁོར་རེའི་ནང་དུ་ཐེངས་རེ་བྱིས་པ་གཉིས་ལ་སློབ་གསོ་དང་འབྲེལ་ཡོད་པའི་བརྙན་འཕྲིན་རེ་ལ་ལྟ་རུ་འཇུག་གི་ཡོད། བྱིས་པ་ལ་གློག་བརྙན་འདྲ་མིན་ལ་ལྟ་རུ་བཅུག་པ་ཡིན་ན། བྱིས་པའི་གཤིས་ཀ་འགྱུར་འགྲོ་བས་གཟབ་དགོས་པར་སེམས།

 

ངས་བྱིས་པ་སྐྱོང་སྟངས་དེ་གུ་དོག་པོ་ཞིག་ངོ་མ་མིན་ལ། ཧ་ཅང་གུ་ཡངས་ཡིན། ང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་ཕ་མ་རྣམས་ལ་འགྲོགས་ནས། ཁོང་ཚོས་བྱིས་པ་སྐྱོང་སྟངས་ལ་རྟོག་ཞིབ་བྱས་ཏེ་འདོར་ལེན་བྱེད་ཀྱི་ཡོད། ངས་བྱིས་པ་གཉིས་གཟའ་འཁོར་རེའི་ནང་དུ་ཁོར་ཡུག་མི་འདྲ་བ་རེ་ལ་ཁྲིད་ཀྱི་ཡོད། དེ་ལྟར་བྱས་ན་དངོས་པོ་མི་འདྲ་བ་མཐོང་དུས་ཐ་སྙད་མི་འདྲ་བ་ངོ་སྤྲོད་བྱེད་པའི་གོ་སྐབས་འདུག

 

ང་བོད་པའི་ཨ་ཕ་ཞིག་ཡིན་པའི་ཆ་ནས་རང་གི་བུ་ཕྲུག་ལ་བོད་སྐད་བཤད་ཤེས་སུ་འཇུག་པ་དང་། བོད་ཡིག་ཀློག་ཐུབ་ཏུ་འཇུག་རྒྱུ་ནི་འོས་འགན་ཡིན་པ་ལས། དམིགས་བསལ་གྱི་འཇོན་ཐང་དེ་འདྲ་མིན་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་འགན་དེ་ངས་འཁུར་ཐུབ་ཡོད། འགན་དེའི་ཆེད་དུ་ངས་དུས་ཚོད་མང་བོ་བསྐྱལ་བ་ཡིན། དཀའ་ལས་མང་བོ་བརྒྱབ་པ་ཡིན། ངའི་བུ་མོ་ཆེ་ཆུང་གཉིས་ཀས་བོད་སྐད་གཙང་མ་བཤད་ཤེས་པ་མ་ཟད། བོད་སྐད་བཤད་པའི་གོམས་གཤིས་ཀྱང་རྒྱུད་ལ་བརྟན་པོར་འཇགས་ཡོད། གནད་དོན་འདིའི་ཐད་ནས་ང་ངོ་གནོང་དགོས་ཀྱི་མེད། ངོ་མ་ཡིན། ངའི་སེམས་ངོ་མ་སྐྱིད་ཀི།

 

ངས་བུ་མོ་ཆུང་བ་སྐྱེས་དུས་ངེད་ཚང་གི་ཁྱིམ་ཚང་ནང་དུ་བོད་སྐད་བཤད་སའི་ཁོར་ཡུག་ཇེ་ཆེར་སོང་ཡོད་པ་རེད། བོད་སྐད་བཤད་མཁན་ང་དང་ངའི་བུ་མོ་ཆེ་བ་ཡོད་པ་རེད། ངེད་གཉིས་ཀྱིས་བོད་སྐད་བསྐྱོན་ཏེ་ཁ་བརྡ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ངའི་བུ་མོ་ཆུང་བ་དེས་བོད་སྐད་ལས་སླ་བོར་བཤད་ཤེས་སོང་།

 

ཕྱི་རྒྱལ་དུ་ཡོད་པའི་བོད་པའི་ཕ་མ་ཚོར་བཤད་འདོད་པ་གཅིག་ནི། བུ་ཕྲུག་འགོ་མ་དེར་བོད་སྐད་ཡག་པོ་ཞིག་ཤེས་སུ་འཇུག་ཐུབ་་པ་དང་བོད་སྐད་བཤད་པའི་གོམས་གཤིས་ཡག་པོ་རྒྱུད་ལ་འཇགས་སུ་འཇུག་ཐུབ་པ་ཡིན་ན། བུ་ཕྲུག་རྗེས་མ་དག་ལ་དཀའ་ལས་མང་བོ་བྱེད་དགོས་ཀྱི་མི་འདུག་ཅེས་ལབ་འདོད་བྱུང་།

 

གོང་དུ་བཤད་པའི་དོན་ཚན་དག་ནི་ང་སྒེར་ཀྱི་ཉམས་མྱོང་དང་བསམ་ཚུལ་ཡིན་པས། ནོར་བ་དང་འཁྲུལ་བ་མང་བོ་ཡོད་སྲིད་ལ། དོ་སྣང་ཡོད་པའི་ཕ་མ་མང་བོར་ཕན་ཐོགས་རེ་ཡོད་སྲིད་དོ།།

 

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་སྤྱི་ལོ ༢༠༡༦ ལོའི་ཟླ ༡༢ པའི ༨ ཉིན། གཡག་རྒོད་བྱིས་སྒྲུང་གླིང་ནས་ཡིག་ཐོག་ཏུ་ཕབ་པའོ།

 

 

 

 

Topic: ངའི་ཕ་སྐད་བོད་སྐད་རེད། ངའི་བྱིས་པ་ལ་ཕ་སྐད་བསླབ་ཀྱི་ཡོད།

wisdom cialis 5mg reviews

AFrauckcica | 21/06/2020

<a href="https://cialisle.com/">purchase cialis</a>

New comment