ཅར་རྡུང་བྱེད་མི་དགོས་པར་བྱིས་པར་སྒྲིག་ལམ་འཇོག་ཚུལ་ཡོད་དམ།

ཅར་རྡུང་བྱེད་མི་དགོས་པར་བྱིས་པར་སྒྲིག་ལམ་འཇོག་ཚུལ་ཡོད་དམ།

ཅར་རྡུང་བྱེད་མི་དགོས་པར་བྱིས་པར་སྒྲིག་ལམ་འཇོག་ཚུལ་ཡོད་དམ། 

 

མི་ལ་གཅར་རྡུང་བྱེད་པའི་ལུགས་སྲོལ་ནི་སློབ་གསོའི་བྱེད་ཐབས་ཤིག་རྩ་བ་ནས་མིན། དེ་ནི་སྲིད་དབང་སྒེར་འཛིན་ལམ་ལུགས་དང་བྲན་གཡོག་ལམ་ལུགས། གཅིག་སྡུད་ལམ་ལུགས་དང་སྒེར་གཅོད་ལམ་ལུགས་སོགས་ལས་བྱུང་བ་ཞིག་ཡིན་པར་སྣང་། ལམ་ལུགས་དེ་དག་གི་དུས་ཚོད་ཡོལ་ཟིན་པའི་ལམ་ལུགས་རྙིངབ་ཡིན་ཞིང་། ལམ་ལུགས་དེ་དག་གི་ཁྲོད་དུ་མི་སེར་ཉམ་ཆུང་རྣམས་ཀྱིས་གདུག་རྩུབ་དང་དཀའ་སྡུག་མྱོང་བའི་ལོ་རྒྱུས་ནི་བསམ་བརྗོད་ལས་འདས་པ་ཞིག་ཡིན། ཡིན་ནའང་ད་ལྟ་འཛམ་གླིང་ཁྱོན་ཡོངས་ཀྱི་སྲིད་ལུགས་སྐྱོང་སྟངས་དེ་གང་ཟག་གིས་དབང་བསྒྱུར་ལས་ཁྲིམས་ལུགས་ཀྱིས་དབང་བསྒྱུར་བའི་ཕྱོགས་སུ་སྒོ་ཀུན་ནས་བསྐྱོད་བཞིན་ཡོད། དེ་ལྟར་ན་ང་ཚོས་ཀྱང་མི་རབས་རྗེས་མ་ཚོའི་ཆེད་དུ་འཆམ་མཐུན་དང་འདྲ་མཉམ་ཡོད་པའི་ཁྱིམ་གཞི་སྐྱིད་པོ་རེ་བསྐྲུན་ཏེ་བུ་ཕྲུག་གི་ལུས་སེམས་ལ་མནར་གཅོད་གཏོང་སྲིད་པའི་གོམས་གཤིས་དག་འདོར་དགོས་པའི་དུས་ལ་བབས་ཡོད་པར་སེམས། ཁྱད་པར་དུ་སྐྱིད་སྡུག་མཉམ་མྱོང་གི་འཚོ་བ་མཉམ་སྐྱེལ་བྱེད་སའི་བཟའ་ཟླ་དང་། རང་གི་ཚེ་སྲོག་ལྟར་གཅེས་པའི་བུ་ཕྲུག་གི་སྟེང་དུ་དྲག་སྤྱོད་བཀོལ་བ་ནི་འོས་འཚམ་ནམ་ཡང་མིན། དེ་ལྟར་ན་ང་ཚོ་བོད་པའི་ཕ་མ་ཚོས་རང་ཉིད་ཀྱི་གཅེས་ཕྲུག་དག་གི་ལུས་ལ་གཅར་རྡུང་མི་བྱེད་པ་དང་སེམས་ལ་ངག་ནས་མནར་གཅོད་མི་བྱེད་པར། བྱམས་བརྩེ་དང་ཐབས་ཤེས་ཀྱི་ལམ་ནས་བུ་ཕྲུག་ལ་སྒྲིག་ལམ་འཇོག་དགོས་པར་སེམས་སོ།།   

 

གཅར་རྡུང་བྱས་ན་བྱིས་པ་ལེགས་ལམ་དུ་འགྲོ་བར་འདོད་མཁན་ཞིང་འབྲོག་གི་ཕ་མ་དང་སློབ་གྲྭའི་དགེ་རྒན་ཡང་ཡོད། ཁོ་ཚོས་གཅར་རྡུང་བྱས་པ་ལ་བརྟེན་ནས་བུ་ཕྲུག་དང་སློབ་མའི་ཀུན་སྤྱོད་ཇེ་ལེགས་སུ་སོང་བའི་གནས་ཚུལ་བརྗོད་ཀྱི་ཡོད། ཡིན་ནའང་དེང་རབས་ཀྱི་སེམས་ཁམས་རིག་པ་དང་ཆེད་ལས་ཞིབ་འཇུག་པ་ཚོས་བྱིས་པར་གཅར་རྡུང་བྱས་ན་སློབ་གསོ་ལྡོག་ཕྱོགས་ནས་ཐེབས་ཀྱི་ཡོད་པའི་སྙན་ཐོ་མང་བོ་བཏོན་ཡོད་པ་དཔེར་ན། སྤྱི་ལོ་༢༠༡༦ ལོར་ཨ་རིའི་ཀྲ་ཁུ་སེ་སུ་སློབ་གྲྭ་ཆེན་མོའི་འགྲོ་བ་མིའི་འཕེལ་འགྱུར་དང་ཁྱིམ་ཚང་ཚན་རིག་སྐོར་ལ་ཞིབ་འཇུག་གནང་མཁན་སློབ་དཔོན་ཆེན་མོ་ཨེ་ལི་ཟི་བྷེ་ཐུ་གྷིར་ཤོ་ཧྥུ་(Elizabeth Thompson Gershoff) མཆོག་དང་ཁོང་གི་ལས་གྲོགས་ཚོས་ཕ་མས་བུ་ཕྲུག་ལ་སྒྲིག་ལམ་འཇོག་སྟངས་སྐོར་གྱི་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་བཏོན་པའི་ནང་དུ། འདས་པའི་མི་ལོ་༥༠ ནང་དུ་ཐལ་ལྕག་ཁུར་མྱོང་བའི་བྱིས་པ་༡༦༠༠༠༠ ལ་ཞིབ་མཇུག་བྱས་པའི་གྲུབ་འབྲས་དཔང་རྟགས་དང་ལྷན་དུ་བཀོད་པའི་ནང་དུ། གཅར་རྡུང་མྱངས་པའི་བྱིས་པ་ཚོ་མ་འོངས་པར་དར་མ་རུ་གྱུར་བའི་སྐབས་སུ་སྤྱི་ཚོགས་ནང་དུ་འདྲིས་གཤིབ་མི་ཐུབ་པའི་སྤྱོད་པ་གཙུབ་པོ་ཅན་དུ་འགྱུར་བ་དང་། བསམ་གཞིགས་ཞིབ་མོ་གཏོང་མི་ཐུབ་པའི་མི་ཀླད་པ་སྐྱོན་ཅན་ཞིག་ཏུ་འགྱུར་སྲིད་པའི་གནས་ཚུལ་སོགས་བཀོད་འདུག གཅར་རྡུང་དང་དྲག་སྤྱོད་ཀྱི་ལམ་ནས་བྱིས་པའི་ཀུན་སྤྱོད་ཇེ་ལེགས་སུ་འགྲོ་བར་རེ་སྨོན་བྱེད་པ་ནི་འབེན་ཤར་ལ་བཞག་སྟེ་མདའ་ནུབ་ཏུ་འཕེན་པ་དང་མཚུངས་པ་ཡིན། ཡང་དེང་རབས་ཀྱི་བྱིས་སྐྱོང་ སློབ་གསོ་བ་ཚོས་བྱིས་པས་ནོར་འཁྲུལ་ཤོར་བ་ནི་རང་བཞིན་ཡིན་ཞིང་། བྱིས་པའི་ནོར་འཁྲུལ་ཤོར་བའི་སྐབས་སུ་ཕ་མས་བསམ་ཤེས་བྱེད་དགོས་ཤིང་། སེམས་ལྷོད་ལ་བཞག་ནས་བུ་ཕྲུག་ལ་གནས་ལུགས་དང་རྒྱུ་མཚན་བཤད་དེ་བླང་དོར་དབྱེ་འབྱེད་ཀྱི་ལམ་སྟོན་བྱེད་དགོས་ཤིང་། བུ་ཕྲུག་ལ་ནོར་འཁྲུལ་ཡོ་བསྲང་བྱེད་ཚུལ་རང་དཔེ་གཞན་སྟོན་བྱེད་དགོས་པ་ཡིན། ལྷག་པར་དུ་སྒྲིག་ལམ་འཇོག་པའི་སྐབས་སུ་ཕ་མས་རང་ཚུགས་བརྟན་པོ་འཛིན་དགོས་ཤིང་། ཁ་དན་ཚིག་ལ་གནས་དགོས་པ་ཡིན། ལྷོད་གཡེང་མེད་པར་དྲང་མོ་དྲང་རྐྱང་གིས་སྒྲིག་ལམ་ལག་ལྟར་བྱས་པ་ཡིན་ན། བུ་ཕྲུག་གིས་དང་དུ་ལེན་ཞིང་རིམ་གྱི་གོམས་གཤིས་སུ་གྲུབ་འགྲོ་ངེས་ཡིན། དེ་འདྲའི་གནས་སྐབས་སུ་བུ་ཕྲུག་ལ་གཅར་རྡུང་བྱེད་དགོས་པའི་གནད་དོན་གང་ཡང་མེད་དོ།། 

 

སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་མཛད་པའི་ནང་བའི་ལྟ་སྤྱོད་ཀུན་བཏུས་ཀྱི་དཔེ་ཆའི་ཤོག་ངོས་༣༣ ནང་དུ་བྱམས་པ་མངོན་དུ་འགྱུར་བཞིན་པའི་སྐབས་དེ་ག་རང་ལ་ཁོང་ཁྲོ་མངོན་དུ་འགྱུར་མི་ཐུབ། འདིས་བྱམས་པ་དང་ཁོང་ཁྲོ་གཉིས་ཕན་ཚུན་སྤང་འགལ་ཡིན་པར་བསྟན་གྱི་ཡོད། དེ་ན་བསམ་བློའི་འཁྱེར་སོའི་རིག་གཅིག་ལ་གོམས་པ་ཆེ་རུ་སོང་བའི་སྐབས་སུ་རིགས་གཞན་པ་དེ་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་ཞེས་གསུངས་ཡོད་པ་ལྟར། བྱམས་བརྩེ་ཆེ་བའི་ཕ་མས་བུ་ཕྲུག་གིས་བཟང་ཆ་མང་བོ་མཐོང་བ་ཆོས་ཉིད་ཡིན་པ་ལྟར། ཕ་མས་སེམས་ལྷོད་ལ་བཞག་སྟེ་བཟང་ཆའི་ཕྱོགས་ནས་གླེང་སྟེ་བུ་ཕྲུག་གི་གདེང་ཚོད་གོང་མཐོར་གཏོང་དགོས། དེ་ལྟར་བསྐྱངས་པ་ཡིན་ན་བུ་ཕྲུག་ཀྱང་རང་གི་བཟང་ཆར་བསམ་བློ་གཏོང་ཤེས་པའི་མི་བུ་ཚད་ལྡན་ཞིག་ཏུ་འགྱུར་ཞིང་མི་ཚེའི་ཁྲོད་དུ་དོན་བཟང་སྒྲུབ་པ་ལ་གཞོལ་ཅི་ཐུབ་བྱེད་པ་ཡིན། དེ་དང་ལྷན་དུ་བུ་ཕྲུག་གི་ཞན་ཆ་རྣམས་རིམ་གྱི་ཉུང་ནས་ཉུང་དུ་འགྲོ་བ་དང་བྱ་བ་ངན་པའི་ལས་ལ་མི་འཇུག་པ་དང་བུ་ཕྲུག་ལ་གཅར་དགོས་དོན་མེད། སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་ཀྱི་དཔེ་ཆའི་ཤོག་ངོས་༧༥ ནང་དུ་དུས་ནམ་ཡང་བདེ་བའི་རྒྱུ་བསྒྲུབ་དགོས་པ་དང་། སྡུག་བསྔལ་གྱིི་རྒྱུ་སྤོང་དགོས་པ་ཡིན་ཞེས་གསུངས་ཡོད་པ་ལྟར། ཕ་མས་ལུས་ལ་བདེ་ཐང་དང་སེམས་ལ་བདེ་སྐྱིད་ཡོད་པའི་བུ་ཕྲུག་ཅིག་གསོ་སྐྱོང་བྱེད་འདོད་ན་དུས་ནམ་ཡང་བུ་ཕྲུག་བྱམས་དང་བརྩེ་བས་བསྐྱངས་ཏེ་བུ་ཕྲུག་གི་སེམས་རང་བཞིན་དུ་གནས་ཐབས་བྱེད་དགོས། དེ་ལྟར་བྱས་ན་བུ་ཕྲུག་གི་སེམས་ལ་སྤྲོ་སྣང་བསྐྱེད་པ་ཡིན། སྤྲོ་སྣང་མངོན་དུ་གྱུར་བའི་སྐབས་སུ་སེམས་ཞི་བར་གནས་ཡོད་པ་དང་། སྐབས་དེར་གནས་ལུགས་དང་རྒྱུ་མཚན་བཤད་དེ་བུ་ཕྲུག་ལ་ཀུན་སྤྱོད་བཟང་ངན་གྱི་མཇུག་འབྲས་ངོ་སྤྲོད་བྱས་ན་བུ་ཕྲུག་གིས་བསམ་གཞིག་གཏོང་ཐུབ་པ་ཡིན། རང་ཉིད་ཀྱི་ཀུན་སྤྱོད་ལའང་རང་གིས་སྟངས་འཛིན་བྱེད་ཐུབ་པ་ཡིན། ཕ་མའི་བྱམས་བརྩེ་དང་བཀའ་དྲིན་ལ་བསམ་ཤེས་བྱེད་ཐུབ་པའི་བྱིས་པ་ཡ་རབས་ཤིག་ཏུ་འགྱུར་འགྲོ་བ་ཡིན། དེ་དང་ལྷན་དུ་རང་ཉིད་ཀྱི་ཀུན་སྤྱོད་དང་ཁྱིམ་མི་ཚོའི་བདེ་སྡུག་ལ་འབྲེལ་བ་ཡོད་པ་རྟོགས་ཐུབ་པ་དང་དེའི་ཆེད་དུ་འགན་ཁུར་ལེན་པ་ཡིན། བྱིས་པའི་མི་གཤིས་ཀྱི་ཡོན་ཏན་ཡར་རྒྱས་སུ་འགྲོ་བའི་ཐབས་ལམ་ཡག་ཤོས་ནི་དངོས་ཡོད་ཀྱི་གནས་ཚུལ་གཞི་ལ་བཞག་སྟེ་བུ་ཕྲུག་ལ་སེམས་ཤུགས་སྤར་ཞོར་དུ་ཡོངས་ཁྱབ་རིན་ཐང་གཙོས་པའི་བཟང་སྤྱོད་སློབ་གསོའི་སྐོར་ངོ་སྤྲོད་བྱེད་དགོས། དེ་དང་ཆབས་གཅིག་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཁྱིམ་ཚང་གི་འགྲོ་ལུགས་རང་གི་ཀུན་སྤྱོད་ཀྱི་སྟེང་ནས་ངོ་སྤྲོད་བྱེད་དགོས། དེ་དང་ལྷན་དུ་གཟེངས་བསྟོད་དང་བྱ་དགའི་སྲོལ་བཙུགས་ཏེ་བུ་ཕྲུག་གི་མི་གཤིས་ཀྱི་ཡོན་ཏན་གོང་འཕེལ་དུ་འགྲོ་བའི་མཐུན་རྐྱེན་སྒྲུབ་ན་བུ་ཕྲུག་ལ་གཅར་རྡུང་བྱས་ཏེ་སྒྲིག་ལམ་འཇོག་མི་དགོས་སོ།།  

 

བྱིས་པའི་ཀུན་སྤྱོད་ལ་འགྱུར་བ་སོང་བའི་སྐབས་སུ་ཕ་མས་ཁ་ཐུག་ཏུ་བུ་ཕྲུག་ལ་གཅར་རྡུང་མི་བྱེད་པར། བུ་ཕྲུག་གི་ཀུན་སྤྱོད་ལ་འགྱུར་ལྡོག་འགྲོ་དགོས་པའི་རྒྱུ་རྐྱེན་བཙལ་དགོས་པ་དང་། ཤ་ཚ་བའི་སྒོ་ནས་རྣམ་འགྱུར་ཡག་པོ་བསྟན་ཏེ་རྒྱབ་སྐྱོར་བྱེད་དགོས།

བུ་ཕྲུག་ལ་རྒྱབ་སྐྱོར་བྱེད་དགོས་ལབ་དུས་བུ་ཕྲུག་ལ་སྒྲིག་ལམ་འཇོག་མི་ཉན་ལབ་ཀྱི་མེད་པ་དང་ལྷག་པར་དུ་བུ་ཕྲུག་གཅེས་ལངས་དུ་གཏོང་དགོས་དེ་བས་ཀྱང་ལབ་ཀྱི་མེད།བུ་ཕྲུག་ལ་སྒྲིག་ལམ་མ་བཞག་པར་རྒྱ་ཡན་དུ་བཏང་བ་ཡིན་ན། ཡ་རབས་ཀྱི་གུས་སྲོལ་མི་ཤེས་པའི་བྱིས་པ་སྒེར་སེམས་ཆེན་པོ་ཅན་ཞིག་ཏུ་འགྱུར་སྲིད། དེ་ལྟར་ན་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཡུལ་སྲོལ་གོམས་གཤིས་ངོ་འཕྲོད་པའི་ཆེད་དུ་བུ་ཕྲུག་ལ་སྒྲིག་ལམ་ངེས་པར་དུ་འཇོག་དགོས། སྒྲིག་ལམ་འཇོག་པའི་སྐབས་སུ་ཞེ་སྡང་ཁོང་ཁྲོ་མེད་པར་ཞི་འཇམ་གྱི་སྒོ་ནས་གནས་ལུགས་ངོ་སྤྲད་བྱས་ནས་སྒྲིག་ལམ་འཇོག་དགོས་པ་ཡིན། བུ་ཕྲུག་ལ་སྒྲིག་ལམ་འཇོག་པའི་སྐབས་སུ་ཕ་མ་གཉིས་ཀྱི་ཡིད་ལ་དམ་པོར་འཛིན་དགོས་པའི་གནད་དོན་གཅིག་ནི། བུ་ཕྲུག་ལ་འགྲིག་ལམ་འཇོག་དུས་ཕ་མ་གཉིས་ཀྱིས་སྒྲིག་ལམ་གཅིག་མཚུངས་སུ་འཇོག་རྒྱུ་ཧ་ཅང་གལ་ཆེན་ཡིན། གལ་སྲིད་ཕ་མ་གཉིས་ཀྱིས་དཔེ་ཆ་མི་འདྲ་བ་རེ་བལྟས་ཏེ་སྒྲིག་ལམ་མི་འདྲ་བ་རེ་བཞག་པ་ཡིན་ན། བུ་ཕྲུག་ལ་སྒྲིག་ལམ་ཡག་པོ་འཇོག་མི་ཐུབ། བུ་ཕྲུག་ལ་སྒྲིག་ལམ་འཇོག་དུས་ཕ་མ་གཉིས་ཀྱི་བློ་མ་མཐུན་ནའང་ངག་ངེས་པར་དུ་མཐུན་དགོས། བུ་ཕྲུག་ལ་སྒྲིག་ལམ་འཇོག་ཚུལ་གྱི་ཐད་ནས་ཕ་མ་ཁ་མ་འཆམ་པའི་སྐབས་སུ་བུ་ཕྲུག་གི་མིག་མདུན་ནས་འཐེན་ཁྱེར་བྱས་ཏེ་ཁ་རྩོད་རྩ་བ་ནས་བྱེད་མི་ཉན། གལ་སྲིད་བུ་ཕྲུག་གིས་ཕ་མ་གཉིས་ཀྱིས་སྒྲིག་ལམ་འཇོག་ཚུལ་གྱི་ཐད་ནས་ཁ་འཆམ་གྱི་མེད་པ་མཐོང་དུས་སྒྲིག་ལམ་མི་བརྩི་བར་བཤད། བྱིས་པ་ཆུང་དུས་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཡོད་པ་ཞིག་ཏུ་སྐྱེད་བསྲིང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། ཡིན་ནའང་བྱིས་པ་ནི་སྤྱང་གྲུང་ཧ་ཅང་འཛོམས་པའི་གང་ཟག་ཆུང་ཆུང་ཞིག་ཡིན་པར་བརྟེན། དབང་ཆའི་འཐབ་རྩོད་བྱེད་པར་ཧ་ཅང་དགའ་བོ་ཡོད་པར་བཤད། སྐབས་དེར་ཕ་མ་གཉིས་ཀྱིས་བློ་རིག་སྒྲིམ་ནས་བྱིས་པ་ལ་དབང་ཆ་སྟེར་མི་ཉན་པ་དཔེར་ན།བྱིས་པར་འདོད་པ་ཡོད་པའི་དངོས་པོ་དེ་མ་རག་པ་དང་། སྒྲུབ་འདོད་པའི་བྱ་བ་དེ་བསྒྲུབ་འདོད་ཀྱིས་ཨུ་ཚུགས་ཆེན་པོས་སྤྲོ་རྒྱག་བྱས་ཏེ་ངུ་འབོད་དང་འགྲེ་ལོག་ག་ཚོད་བྱས་ཀྱང་སྤྲོད་མི་ཉན། ལྷག་པར་དུ་བུ་ཕྲུག་གི་བདེ་ཐང་དང་འཕྲོད་བསྟེན་ལ་གནོད་པའི་བཟའ་བཏུང་དང་དངོས་རྫས་ཀྱི་རིགས་སྤྲོད་མི་ཉན། བུ་ཕྲུག་ལ་ཕ་མ་གང་རུང་གིས་སྒྲིག་ལམ་འཇོག་བཞིན་ཡོད་དུས། ཕ་མ་གཞན་པ་དེས་བུ་ཕྲུག་གི་ཕྱོགས་འཛིན་རྩ་བ་ནས་མི་ཉན་ཞིང་། བུ་ཕྲུག་གི་མི་མཐོང་ས་ནས་ཕ་མ་གཉིས་ཀྱིས་གྲོས་བསྡུར་བྱེད་དགོས། དེ་ལྟར་བྱེད་ཐུབ་པ་ཡིན་ན་བུ་ཕྲུག་ལ་གཅར་རྡུང་བྱེད་མི་དགོས། བྱིས་པས་རང་གི་འགན་ཁུར་འཐུས་ཤོར་བཏང་བའི་སྐབས་སུ། བུ་ཕྲུག་གིས་དགའ་མོས་བྱེད་སའི་བརྙན་འཕྲིན་ལེ་ཚན་ལ་ལྟ་རུ་མི་འཇུག་པ་དང་། གློག་ཀླད་དང་ཁ་པར་སོགས་བེད་སྤྱོད་བྱེད་དུ་མི་འཇུག་པ། ཡང་ན་རྩེད་མོ་རྩེ་བའི་དུས་ཡུན་ཇེ་ཐུང་དུ་གཏོང་བ་དང་ནང་གི་ལས་ཀ་ཇེ་མང་དུ་གཏོང་བ་སོགས་བྱས་ན་གཅར་རྡུང་བཏང་བ་ལས་ལྷག་པའི་གྲུབ་འབྲས་ཡག་པོ་ཡོད་པ་ཡིན། བུ་ཕྲུག་གི་སེམས་ཁམས་སུ་སྒྲིག་སྲོལ་གྱི་འདུ་ཤེས་ཆགས་པར་བུ་ཕྲུག་ལ་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་སྒྲིག་སྲོལ་རྣམས་ཤེས་སུ་འཇུག་དགོས། བུ་ཕྲུག་སྒྲིག་ཁྲིམས་དང་འགལ་དུས་གདམ་ག་སྤྲད་དེ་མཇུག་འབྲས་ཉམས་སུ་མྱོང་དུ་བཅུག་ནས་བསྐྱངས་པ་ཡིན་ན་བུ་ཕྲུག་ལ་གཅར་རྡུང་ནམ་ཡང་བྱེད་མི་དགོས་སོ།།  

 

 

དེང་སང་བྱིས་པར་གཅར་རྡུང་བྱས་ན་མཇུག་འབྲས་ངན་པ་ཡོད་པའི་ཞིབ་འཇུག་གི་གྲུབ་དོན་སྐོར་གྱི་གནས་ཚུལ་དྲྭ་ལམ་དུ་བརྒྱུད་བསྒྲགས་བྱེད་པ་དེའི་སྐོར་ནས་གླེང་སློང་བྱས་ན་མི་དགའ་མཁན་ཡོད་པ་དང་། མི་རེ་ཟུང་གིས་དེ་མ་ཐག་ཁོང་ཁྲོ་ལངས་ཏེ་ཁ་རྡུང་གཏོང་ཡོང་གི་ཡོད། ཡིན་ནའང་། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་བྱིས་པའི་འཚར་ལོངས་ཀྱི་གོ་རིམ་ལ་དོ་སྣང་བྱེད་མཁན་གྱི་ཕ་མ་དང་། སློབ་གསོའི་བྱ་བར་དངོས་སུ་ཞུགས་པའི་དགེ་རྒན་མང་བོ་ཞིག་གིས་སློབ་མར་མི་གཅར་བར་སྤྲོ་སྣང་སློབ་གསོ་སྤྲོད་དགོས་པའི་གནས་ལུགས་རྒྱུ་མཚན་གསུང་གི་ཡོད་པ་རེད། ལྷག་པར་དུ་ཤེས་ཡོན་དང་ཉམས་མྱོང་གཉིས་ཀྱི་ཕྱུག་པའི་དགེ་རྒན་སྐོར་ཞིག་གིས་གཅར་རྡུང་ནི་འཚེ་བ་ཡིན་པ་དང་། འཚེ་བའི་འབྲས་བུ་སྡུག་བསྔལ་ཡིན་པའི་གནས་ལུགས་ནང་བསྟན་མཚན་ཉིད་རིག་པ་དང་དེང་རབས་སེམས་ཁམས་རིག་པའི་གཞུང་ལུགས་ལ་ཁུངས་གཏུགས་ཏེ་བྱིས་པ་གཅར་རྡུང་བྱས་ན་མི་སྐྱོན་པའི་བསམ་ཚུལ་ལ་བཅོས་བསྒྱུར་གཏོང་དགོས་པར་ནན་བརྗོད་གནང་གི་ཡོད། དེ་བཞིན་དུ་སློབ་གསོ་ཧ་ཅང་དར་བའི་རྒྱལ་ཁབ་ཚོའི་ནང་དུ་གཅར་རྡུང་ནི་མནར་གཅོད་རང་ལ་ངོས་འཛིན་བྱེད་པ་ལས་སློབ་གསོའི་བྱེད་ཐབས་ཤིག་ལ་ངོས་འཛིན་བྱེད་ཀྱི་མེད། དེ་ལྟར་ན་ང་ཚོ་བོད་ཀྱི་ཕ་མ་ཚོས་བུ་ཕྲུག་ལ་གཅར་རྡུང་མི་བྱེད་པར་གནས་ལུགས་དང་རྒྱུ་མཚན་བཤད་དེ་སྒྲིག་ལམ་འཇོག་པར་བརྩོན་དགོས་པར་འདོད་དོ།།

 

Tags

The list of tags is empty.