བྱིས་པ་གསོ་སྐྱོང་བྱེད་ཐབས།

བྱིས་པ་གསོ་སྐྱོང་བྱེད་ཐབས།

བྱིས་པ་གསོ་སྐྱོང་བྱེད་ཐབས།

སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་ནམ་རྒྱུན་ང་ཚོར་རང་བདེ་བར་འདོད་ན་བྱམས་སྙིང་རྗེ་སྒོམས། གཞན་བདེ་བར་འདོད་ན་བྱམས་སྙིང་རྗེ་སྒོམས་ཞེས་གསུང་བཞིན་ཡོད་པ་ལྟར། ཨ་རིའི་ཧར་ཝར་ཌི་སློབ་གྲྭ་ཆེན་མོའི་སེམས་ཁམས་རིག་པའི་སྡེ་ཚན་གྱིས་2015ལོར་བཏོན་པའི་བྱིས་པ་གསོ་སྐྱོང་བྱེད་ཐབས་ཀྱི་ཡིག་ཆ་དེའི་ནང་དུའང་། མི་གཞན་གྱི་སེམས་ཁམས་ལ་དོ་ཁུར་བྱེད་པའི་བྱིས་པ་ནི་བྱིས་པ་གཞན་ལས་རང་བཞིན་བཟང་ཞིང་སྤྲོ་སྣང་ལྡན་པ་ཞིག་རེད་ཅེས་གསུངས་འདུག
 
ཨ་མའི་མངལ་དུ་ཕྲུ་གུ་མ་ཆགས་སྔོན་ནས་བཟུང་ཕ་མ་གཉིས་ཀྱིས་བུ་ཕྲུག་གི་མ་འོངས་པའི་བདེ་སྐྱིད་ཀྱི་ཆེད་དུ་བསམ་བློ་བཏང་སྟེ་སྐྱོང་ལུགས་སྐྱོང་སྟངས་སྐོར་ལ་གླེང་མོལ་དང་གྲོས་བསྡུར་བྱས་ན་ལེགས། ཨ་མས་གང་བྱས་ཕྲུ་གུའི་བག་ཆགས་ཡིན། ཨ་མས་གང་ཟོས་ཕྲུ་གུའི་འཚོ་བཅུད་ཡིན་ཞེས་བ་ལྟར། ཨ་མའི་མངལ་དུ་ཕྲུ་གུ་ཆགས་པ་དང་མ་བུ་གཉིས་ཀྱི་བདེ་ཐང་གི་ཆེད་དུ་ཨ་མའི་ལུས་སེམས་ལ་ཁྱོ་ཤུག་གཉིས་ཀྱིས་བདག་གཅེས་བྱེད་དགོས་པ་ཡིན། དཔེར་ན་འཕྲོད་བསྟེན་ལ་ཕན་པའི་བཟའ་བཏུང་རིགས་བརྟེན་པ་ལས་འཕྲོད་བསྟེན་ལ་གནོད་པའི་རིགས་ལ་འཛེམ་དགོས། བྱིས་པ་ཨ་མའི་མངལ་དུ་ཡོད་དུས་སྐྱབས་འགྲོ་འདོན་པ་དང་སྨོན་ལམ་རྒྱག་པ་སོགས་བྱེད་ཐུབ་ན་མངལ་དུ་ཡོད་པའི་བྱིས་པའི་རྒྱུད་ལ་དེ་ལུགས་ཀྱི་བག་ཆགས་འཇོག་ཐུབ་ལ་མ་འོངས་པར་བྱིས་པ་དེ་གཞན་གྱི་བདེ་དོན་ལ་དོ་ཁུར་བྱེད་ཐུབ་པ་ཞིག་འབྱུང་བ་ལ་ཕན་ཐོགས་ཡོད། 
 
ཕ་མ་སུ་ཡིན་ནའང་རང་གི་བུ་ཕྲུག་ནི་འཇིག་རྟེན་སྟེང་ཆེས་རྩ་ཆེ་བའི་གཅེར་ནོར་དེ་ཡིན་ལ་སེམས་ཀྱི་བརྟེན་ས་དང་རེ་བ་བཅོལ་ས་ཡང་ཡིན། དེར་བརྟེན་བུ་ཕྲུག་ལ་སྙིང་མི་ཉེ་བའི་ཕ་མ་ཞིག་ཕལ་ཆེར་ཡོད་མི་སྲིད་པ་རེད། འོན་ཀྱང་བརྩེ་བ་སྤྲོད་སྟངས་དང་ལམ་སྟོན་བྱེད་སྟངས་མི་འདྲ་བ་ལ་བརྟེན་ནས་བྱིས་པ་ཚོའི་བར་ལ་ཁྱད་པར་ཤོར་གྱི་ཡོད་པ་རེད་སྙམ།   དེས་ན་ཞི་འཇམ་དང་ཐབས་མཁས་ཀྱི་བྱེད་ཐབས་སྤྱད་དེ་བྱིས་པ་ལ་བྱམས་བརྩེའི་སློབ་གསོ་སྤྲོད་དགོས། དེ་སྤྲོད་པའི་གོ་སྐབས་ཡག་ཤོས་ནི་བྱིས་པ་དང་ལྷན་དུ་བྱེད་སྒོ་སྣ་མང་ལ་འཇུག་པའི་སྐབས་ཡིན། དཔེར་ན། ཞོགས་པ་མལ་ལས་ལངས་དུས་སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ་བྱིས་པར་བག་ཆགས་འཇོག་དགོས། དགོང་མོར་བྱིས་པ་མལ་དུ་འཇོག་དུས་བྱམས་བརྩེའི་སྐོར་གྱི་སྒྲུང་གཏམ་ཀློག་པ།  སློབ་གྲྭའི་གུང་གསེང་སྐབས་སུ་བྱིས་པ་དགོན་པར་འཁྲིད་དེ་བླ་མ་དང་དགེ་བཤེས་ཚོའི་མདུན་ནས་བྱམས་བརྩེའི་སྐོར་གྱི་དཔེ་ཁྲིད་ལ་ཉན་པ།  གཟའ་འཁོར་རེའི་ནང་དུ་ཐེངས་རེར་བྱིས་པ་དཔེ་མཛོད་ཁང་དུ་ཁྲིད་དེ་བྱམས་བརྩེའི་སྐོར་གྱི་དཔེ་ཆ་འདེམས་རོགས་བྱེད་པ། མདོར་དེད་ན་ཞི་འཇམ་དང་ཐབས་མཁས་ཀྱི་བྱེད་ཐབས་སྤྱད་དེ་བྱིས་པ་དང་ལྷན་དུ་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཏེ་བྱམས་བརྩེའི་བག་ཆགས་བྱིས་པའི་རྒྱུད་ལ་འཇགས་ཐབས་ལ་བརྩོན་ན། བྱིས་པ་དེ་ཆེན་པོར་ཆགས་དུས་སུ་གཞན་གྱི་བདེ་དོན་ལ་དོ་ཁུར་བྱེད་པའི་བྱིས་པ་རང་བཞིན་དྲང་ཞིང་སྤྲོ་སྣང་ལྡན་པ་ཞིག་ཏུ་འགྱུར་ཐུབ་པར་སྙམ། ཨ་རིའི་སེམས་ཁམས་རིག་པའི་སྡེ་ཚན་གྱིས་བཏོན་པའི་སྙན་ཐོ་དེའི་ནང་དུ།"ཕ་མས་ཐབས་མཁས་ཀྱི་བྱེད་ཐབས་སྤྱད་དེ་བུ་ཕྲུག་ལ་བྱམས་བརྩེའི་སློབ་གསོ་སྤྲད་པ་ཡིན་ན་བུ་ཕྲུག་གིས་བྱམས་བརྩེའི་སློབ་གསོ་ཉམས་ལེན་བྱེད་ཐུབ" ཅེས་གསུངས་འདུག 

དེང་དུས་ཀྱི་སེམས་ཁམས་ཚན་རིག་པ་ཚོ་ལྟར་ན། བྱིས་པ་ཆུང་དུས་ཀྱི་སེམས་ཁམས་ནི་དཀར་གཙང་གི་རས་གཞི་ལྟ་བུ་ཞིག་ཡིན་པ་དང་བྱིས་པའི་སེམས་ཁམས་སུ་བག་ཆགས་ག་འདྲ་ཞིག་འཇོག་མིན་ནི་ཕ་མའི་ཀུན་སྤྱོད་ལ་རག་ལས་པ་ཞིག་རེད་ཅེས་གསུང་གི་ཡོད།   དེས་ན་བྱིས་པ་འཚར་ལོངས་བྱེད་སའི་ཁྱིམ་ཚང་དེ་ནི་བདེ་སྐྱིད་ལྡན་ཞིང་དགོད་སྒྲས་ཁེངས་པ། རྒན་བཀུར་གཞོན་བྱམས་ཀྱི་གོམས་སྲོལ་བཟང་བོ་ཡོད་པ་ཞིག་ཡིན་ན་བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་ཡིན། དེ་ན་ཕ་མ་གཉིས་ཀྱིས་བྱིས་པའི་ཁོར་ཡུག་ནས་བཟའ་འཁོན་བྱེད་མི་ཉན་ལ། ཐ་མག་འཐེན་པ་དང་ཆང་རག་འཐུང་མི་ཉན། ཚིག་རྩུབ་བཤད་པ་དང་ཚིག་རྩོད་རྒྱག་མི་ཉན། སྐྱག་རྫུན་བཤད་པ་དང་མགོ་སྐོར་གཏོང་མི་ཉན་པ་ལ་སོགས་པའི་ཤུགས་རྐྱེན་ངན་པ་འཇོག་པའི་བྱ་སྤྱོད་ལ་ཕ་མ་གཉིས་ཀྱིས་དྲན་ཤེས་བརྟེན་ཏེ་གཟབ་དགོས་པ་དང་འཛེམ་དགོས་པར་འདོད་དོ།།
 
བྱིས་པའི་མི་གཞི་དང་ཀུན་སྤྱོད། རིན་ཐང་ལྟ་བ་སོགས་གཙོ་ཆེ་བའི་འབྱུང་ཁུངས་ཉག་ཅིག་ནི་ཕ་མ་ཡིན།  དེས་ན་ཕ་མ་གཉིས་ཀྱིས་རང་གི་བུ་ཕྲུག་ལ་མིག་དཔེ་བཟང་བོ་ཞིག་འཇོག་དགོས་ལ། མིག་དཔེ་དེ་ཡང་ཉི་མ་རེ་རེར་བྱིས་པ་གཉོར་སྐྱོང་བྱེད་དུས་རང་གི་ཀུན་སྤྱོད་སྟེང་ནས་འཇོག་དགོས་པ་ཞིག་ཡིན་པ་ནི། རྒྱ་གར་གྱི་བདག་ཉིད་ཆེན་པོ་གྷན་ལྡིའི་ཞལ་ནས། རང་གི་མཐོང་འདོད་པའི་འགྱུར་བ་དེ་རང་ཉིད་ནས་མགོ་བརྩམས་ཏེ་རང་ཉིད་འགྱུར་དགོས་ཞེས་གསུངས་ཡོད། དེ་ལྟར་ན་བྱིས་པ་ཡ་རབས་ཚུལ་ལྡན་ཞིག་ཏུ་འགྱུར་བ་ལ་ཕ་མ་གཉིས་ཀྱིས་དང་པོར་རང་གི་རྒྱུད་ལ་ཡ་རབས་སྤྱོད་བཟང་ཡོད་མེད་དང་། རང་དབང་དང་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་ཡོད་མེད།  གཞན་ཕན་བྱམས་བརྩེའི་སློབ་གསོ་ལག་ལེན་བསྟར་གྱི་ཡོད་མེད་སོགས་ཀྱི་གནད་དོན་ལ་དུས་རྒྱུན་དུ་བསམ་གཞིགས་ནན་ཏན་བཏང་སྟེ་རང་ཉིད་ཀྱི་ཀུན་སྤྱོད་ལ་འགྱུར་བ་བཏང་ནས། བྱིས་པ་ལ་མིག་དཔེ་བཟང་བོ་འཇོག་དགོས། དེ་ལྟར་བྱེད་ཐུབ་པ་ཡིན་ན་ཡ་རབས་སྤྱོད་བཟང་ལྡན་པའི་ བྱིས་པ་ཞིག་བསྐྱེད་སྲིང་བྱེད་པར་ཕན་པ་ཡོད་པ་ནི་ཆེད་ལས་མཁས་པའི་གདམས་ངག་ཡིན་ནོ།། 
 
བྱིས་པ་ནི་བློ་རིག་རྒོད་ལ་ཤེས་འདོད་ཆེ་བའི་གང་ཟག་ཆུང་ཆུང་ཞིག་ཡིན་པས་དྲི་བ་འདྲི་བ་དང་སྐད་ཆ་བཤད་པརཤིན་ཏུ་དགའ། དེས་ན་ཕ་མ་གཉིས་ཀྱིས་བྱིས་པ་དང་ལྷན་དུ་དུས་ཚོད་མང་བོ་བསྐྱལ་ཏེ་སྐད་ཆ་མང་བོ་བཤད་དགོས་ལ། བྱིས་པས་དྲི་བ་དྲིས་དུས་དེ་ལ་དོ་སྣང་ཆེན་པོས་དྲི་ལན་འདེབས་དགོས། དྲི་ལན་དེ་ཡང་རྒྱུ་མཚན་ཡོད་པ་དང་གནས་ལུགས་ལྡན་པའི་སྒོ་ནས་འདེབས་དགོས། དེ་ལྟར་བྱས་ན་བྱིས་པའི་བློ་སྒོ་འབྱེད་པར་ཕན་ཐོགས་ཡོད་པར་སེམས། གལ་སྲིད་བྱིས་པའི་དྲི་བར་ཕ་མས་སྣང་མེད་བྱེད་པ་ཡིན་ན། ཤེས་འདོད་ཆེ་བའི་བྱིས་པའི་སེམས་ཀྱི་རང་གཤིས་དེ་འཕེལ་རྒྱས་སུ་འགྲོ་བར་འགོག་རྐྱེན་བཟོ་སྲིད་པས་ཉམས་འཇོག་བྱེད་དགོས།   བྱིས་པའི་བློ་རྒྱ་ཆེ་རུ་འགྲོ་བ་དང་ཁ་ཕྱོགས་བཟང་དུ་འགྲོ་ཕྱིར་བྱིས་པ་ལ་བསམ་གཞིགས་གཏོང་རྒྱུ་ཡོད་པའི་དྲི་བ་འདྲི་བ་དང་ཁ་བརྡ་བྱེད་དགོས། དེ་ལྟར་བྱས་ན། བྱིས་པའི་བསམ་བློའི་འཁྱེར་ཕྱོགས་དང་རིན་ཐང་ལྟ་བ་འཛིན་སྟངས་སོགས་ལ་ཁྱད་པར་ཆེན་པོ་ཡོད་པར་སེམས། དཔེར་ན། དེ་རིང་ཁྱོད་ཀྱིས་སེམས་ལ་སྤྲོ་སྣང་འཁོལ་བའི་བྱ་བ་ཅི་ཞིག་བྱས་པ་ཡིན། ཁ་སང་ཁྱེད་ཀྱིས་གཞན་ལ་ཕན་པའི་བྱ་བ་ཅི་ཞིག་བསྒྲུབས་པ་ཡིན། སང་ཉིན་དོན་བཟང་ཅི་ཞིག་སྒྲུབ་འདོད་ཡོད་ལ་སོགས་པའི་དྲི་བ་འདྲི་དགོས་སོ། །
བྱིས་པ་གསོ་སྐྱོང་གི་བརྒྱུད་རིམ་ཁྲོད་དུ་བསམ་ཤེས་དང་བཟོད་བསྲན་ནི་མེད་དུ་མི་རུང་བའི་ཅ་ལག་ཅིག་ཡིན། ལྷག་པར་དུ་བྱིས་པས་ནོར་འཁྲུལ་བཟོས་པ་དང་ཕ་མའི་ཁ་ལ་མི་ཉན་པའི་གནས་ཚུལ་བྱུང་བའི་སྐབས་སུ་བསམ་ཤེས་དང་བཟོད་བསྲན་བྱས་ཏེ། རང་གི་མི་ཚེའི་ནང་དུ་སྐྱོན་ཆ་དང་ནོར་འཁྲུལ་བཟོས་པ་རྣམས་དཔེ་མཚོན་ལ་བཞག་སྟེ་རང་ཉིད་ལ་བསྒྱུར་བཅོས་ཇི་ལྟར་བཏང་བའི་ཚུལ་གྱི་བྱུང་རིམ་འགྲེལ་བཤད་བྱས་ཏེ་བྱིས་པར་སྐྱོན་ཆ་དང་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་པའི་གནས་ལུགས་དང་བྱེད་ཐབས་ངོ་སྤྲོད་བྱེད་དགོས། བྱིས་པ་ཆུང་ཆུང་ཡིན་ནའང་། བཟང་ངན་དང་ཡག་བཙོག་བར་གྱི་དབྱེ་བ་འབྱེད་པའི་རྣམ་དཔྱོད་དང་ཤེས་རབ་ཡོད་པས།  ཕ་མའི་གཞུང་དྲང་གི་གཤིས་ཀ་དང་དྲང་བདེན་ལ་མཐོང་ཆེན་དང་གུས་བརྩི་བྱེད་ཐུབ་ལ། རང་གི་སྐྱོན་དང་ནོར་འཁྲུལ་ལ་ལེགས་བཅོས་བྱེད་པའི་སྤོབས་སེམས་སྐྱེ་བར་ཕན་ཐོགས་ཡོད་དོ།།

མདོར་བསྡུས་ན། ཞི་འཇམ་དང་ཐབས་མཁས་ཀྱི་བྱེད་ཐབས་སྤྱད་དེ་བྱིས་པ་ལ་ཆུང་དུས་ནས་གུས་ལུགས་ལ་དུང་ཞེན། བཀའ་དྲིན་ལ་བསམ་ཤེས། བདེན་དོན་ལ་བརྩི་བཀུར། བྱམས་བརྩེ་ལ་ཉམས་ལེན། ལས་འབྲས་ལ་ཡིད་ཆེས་སོགས་སློབ་དགོས་ལ། སློབ་པ་ཙམ་དུ་མ་ཟད་བྱིས་པ་དང་ལྷན་དུ་ཨ་མ་གཉིས་ཀྱིས་རང་གི་ལུས་ངག་ཡིད་གསུམ་སྟེང་ནས་བྱིས་པར་མིག་དཔེ་བཟང་བོ་བཞག་སྟེ་གོམས་འདྲིས་བྱེད་དུ་འཇུག་དགོས་སོ།།

 

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་སྤྱི་ལོ 2020 ལོའི་ཟླ 9 པོའི་ཚེས་ 4 ཉིན། 

 

Topic: བྱིས་པ་གསོ་སྐྱོང་བྱེད་ཐབས།

No comments found.

New comment