བྱིས་པ་བྱམས་ཀྱིས་སྐྱོང་བ་ལས་གཅར་རྡུང་བྱེད་མི་ཉན།

བྱིས་པ་བྱམས་ཀྱིས་སྐྱོང་བ་ལས་གཅར་རྡུང་བྱེད་མི་ཉན།

 

དེང་སང་བོད་པའི་སྤྱི་ཚོགས་ཁྲོད་དུ་ན་གཞོན་ཚོའི་བཟང་སྤྱོད་བརླག་བཞིན་པའི་རྒྱུ་མཚན་ནི་གཅར་རྡུང་བྱེད་ཀྱི་མེད་པའི་རེད་ཅེས་བཤད་མཁན་དང་། ལ་ལས་དཀའ་ངལ་ལ་གདོང་ལེན་བྱེད་པར་སྤོབས་པ་ཡོད་པའི་ན་གཞོན་སྙིང་སྟོབས་ཅན་ཞིག་བསྐྱེད་སྲིང་བྱེད་དགོས་ན་གཅར་རྡུང་གི་བྱེད་ཐབས་ནི་ཡག་ཤོས་རེད་ཟེར་གྱི་ཡོད། ཡང་ལ་ལས་རྒྱ་ནག་ནང་གི་སློབ་མ་ཚོས་དགེ་རྒན་ལ་བརྩི་བཀུར་མི་བྱེད་བ་དང་དགེ་རྒན་དང་ཁ་རྩོད་རྒྱག་པའི་གནས་སྟངས་དེ་ནི་བྱིས་པ་ལ་གཅར་རྡུང་བྱེད་མི་ཆོག་པའི་ཁྲིམས་ལུགས་ལ་ཐུག་ཡོད་པར་སྙམ་ཞེས་བཤད་ཀྱིན་ཡོད་པ་དང་། ཕ་མ་དང་རྒན་རབས་ལ་བརྩི་བཀུར་བྱེད་ཤེས་པའི་བྱིས་པ་ཡ་རབས་ཤིག་གསོ་སྐྱོང་བྱེད་དགོས་ན་ཆུང་དུས་ནས་གཅར་རྡུང་བྱེད་དགོས་རེད་ཅེས་བཤད་ཀྱི་ཡོད། དོན་དངོས་སུ་དེ་འདྲ་ཞིག་ཡིན་ནམ་ཞེ་ན། གནས་ལུགས་དང་རྒྱུ་མཚན། ཚན་རིག་པ་དང་ཞིབ་འཇུག་པ་ཚོའི་ཞིབ་འཇུག་གི་གྲུབ་དོན་རྣམས་དཔང་དུ་བཞག་སྟེ་བཤད་ན། གཅར་རྡུང་བྱས་ན་བྱིས་པའི་ཀུན་སྤྱོད་ཇེ་ལེགས་སུ་འགྲོ་བའི་གནས་ལུགས་ཤིག་མེད། དེ་ལས་ལྡོག་སྟེ་བྱིས་པ་ཙམ་མ་ཟད་སེམས་ཅན་དུད་འགྲོ་ཞིག་ཡིན་ཀྱང་གཅར་རྡུང་བྱས་ན་སྤྱོད་པ་ཇེ་ལེགས་སུ་མི་འགྲོ་བ་ཡིན། གཅར་རྡུང་ནི་ཕ་མའི་སེམས་ཀྱི་ནད་ཟུག་འཇོམས་བྱེད་ཀྱི་འཕྲལ་གྱི་བྱེད་ཐབས་ཤིག་ཡིན་པ་ལས་བྱིས་པའི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བའི་སྨན་ཞིག་རྩ་བ་ནས་མིན། བྱིས་པ་ལ་གཅར་རྡུང་བྱས་ན་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཐེབས་ཏེ་བྱིས་པ་སྤྱོད་པ་གཏུམ་པོ་ཅན་ཞིག་ཏུ་འགྱུར་འགྲོ་བར་བཤད་པས། ཕ་མས་བྱམས་བརྩེ་དང་ཞི་བའི་བྱེད་ཐབས་བཀོལ་ཏེ་བུ་ཕྲུག་གསོ་སྐྱོང་བྱེད་དགོས་སོ།།

 

བོད་ཀྱི་ན་གཞོན་རྩོམ་པ་པོ་སྐུ་ཞབས་གསོན་པོ་ལགས་ཀྱིས་བརྩམས་པའི་སློབ་གསོའི་ལྡེ་མིག་ཅེས་པའི་དཔེ་ཆ་དེའི་ཤོག་ངོས་༡༨༤ ནང་དུ་ཐེངས་ཤིག་ཁོང་མ་ཡུམ་སློབ་ཆུང་དུ་སོང་བའི་སྐབས་སུ་སློབ་མ་རྣམས་ཕྲེང་བསྒྲིགས་པའི་མདུན་དུ། སློབ་གཙོ་དེས་སློབ་མ་ཆུང་ཆུང་གསུམ་གྱི་སྐྱོན་ཆ་དང་ནག་ཉེས་ཐེར་འདོན་བྱས་ཏེ། ཟུར་ཟ་དང་མཐོང་ཆུང་མི་ཉུང་བ་བྱས་ཤིང་། རྡོག་ཐོ་དང་ཁུ་ཚུར་གྱིས་སློབ་མ་དེ་ཚོར་གང་བྱུང་དུ་གཞུས་སོང་ཞེས་བྲིས་འདུག  བྱེད་སྟངས་འདི་ནི་བྱིས་པ་ལ་སྒྲིག་ལམ་འཇོག་སྟངས་ཤིག་མ་ཡིན་པར། བྱིས་པའི་མི་གཞི་ལ་དམའ་འབེབས་དང་རྩིས་ཐང་ལ་རྡོག་བརྫིས་བཏང་བ་ཡིན་པ་མ་ཟད་ཁྲིམས་འགལ་ཡང་ཡིན། དེ་ལྟར་ན་ཕ་མ་དང་དགེ་རྒན་ཚོས་བསམ་གཞིགས་སྔོན་དུ་བཏང་སྟེ་བྱིས་པ་ལ་སྒྲིག་ལམ་འཇོག་དགོས། བྱེད་སྟངས་ངན་པ་དེ་དེང་རབས་ཀྱི་བྱིས་སྐྱོང་སློབ་གསོའི་བྱེད་ཐབས་ཡག་པོ་ཞིག་མ་ཡིན་པར། རིག་གནས་གསར་བརྗེ་ཆེན་མོའི་བག་ཆགས་ཤིག་ཡིན་པ་ཚོད་དཔག་བྱེད་ཐུབ། དེ་ལྟར་ན་ང་ཚོས་རང་སར་གཞན་འཇོག་པ་དང་། གཞན་སར་རང་བཞག་སྟེ་དངོས་ཡོད་གནས་ཚུལ་དང་གནས་ལུགས་རྒྱུ་མཚན་དབང་དུ་བཞག་སྟེ་བྱིས་པ་གསོ་སྐྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་སེམས། རང་ཉིད་གཅར་རྡུང་བྱས་ན་མི་དགའ་བ་བཞིན་དུ་བུ་ཕྲུག་ཀྱང་མི་དགའ་བས། ཕ་མས་བུ་ཕྲུག་ལ་གཅར་རྡུང་མི་བྱེད་པར། བྱམས་བརྩེ་དང་ཞི་བའི་བྱེད་ཐབས་ཀྱི་ལམ་ནས་བུ་ཕྲུག་ལ་སློབ་གསོ་སྤྲོད་དགོས། ཕ་མས་བུ་ཕྲུག་ལ་གཅར་རྡུང་བྱས་ན་བུ་ཕྲུག་གི་སེམས་ལ་དྲག་མི་ཐུབ་པའི་ན་ཟུག་ཆེ་བའི་རྨ་ཁ་བཟོ་སྲིད་པར་དེང་རབས་ཀྱི་ཆེད་ལས་མཁས་པ་ཚོས་གསུངས་འདུག གལ་སྲིད་བུ་ཕྲུག་གི་སེམས་ཁམས་སུ་ན་ཟུག་ཆེ་བའི་རྨ་ཁ་ཞིག་བཟོས་པ་ཡིན་ན། བུ་ཕྲུག་གི་སེམས་མི་སྐྱིད་པ་ཡིན། བུ་ཕྲུག་གི་སེམས་མ་སྐྱིད་ན་ལུས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་གནོད་པ་ཡིན། ལུས་ལ་བདེ་ཐང་མེད་ན་སེམས་ཁམས་མི་དྭངས་པ་ཡིན། སེམས་ཁམས་མ་དྭངས་ན། ཁོང་ཁྲོ་སྐྱེ་སླ་ཞིང་བུ་ཕྲུག་ལ་གཅར་རྡུང་བྱེད་པ་ལ་སོགས་པའི་གནད་དོན་བྱུང་གི་ཡོད། དེ་ལྟར་མི་ལ་ གཅར་རྡུང་བྱེད་པའི་་གོམས་གཤིས་རང་རྒྱུད་ལ་གྲུབ་པ་ཡིན་ན། རང་ཉིད་ཀྱི་མི་རབས་མི་རྒྱུད་ཀྱི་གཅར་རྡུང་མྱོང་མི་དགོས་པའི་ངེས་པ་མེད། དེ་ལྟར་ན་རང་དང་བུ་ཕྲུག་གི་ལུས་སེམས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་བཟོད་པའི་ཉམས་ལེན་སྣ་ཚོགས་ལ་སྦྱངས་ཏེ་བུ་ཕྲུག་ལ་གཅར་རྡུང་མི་བྱེད་པའི་དམ་བཅའ་འཇོག་ཐུབ་ན་བཟང་བར་འདོད་དོ།། 

ཨ་རིའི་མེ་ཆས་གྷན(Michigan University)སློབ་ཆེན་གྱི་སེམས་ཁམས་རིག་པའི་དགེ་རྒན་ཆེན་མོ་དང་བྱིས་པའི་སེམས་གཅོང་ཞིབ་འཇུག་པ་སན་ཊི་ར་གྷི་རམ་མཆོག་གིས་གལ་སྲིད་བྱིས་པའི་རྐུབ་ལ་ཐལ་ལྕག་གཞུས་པ་ཡིན་ན་འཕྲལ་དུ་བྱིས་པའི་ཀུན་སྤྱོད་ལ་སྟངས་འཛིན་བྱེད་ཐུབ་ཀྱང་། ཕུགས་སུ་བྱིས་པའི་སྤྱོད་པ་ཇེ་ཞན་དུ་འགྲོ་གི་འདུག་ཅེས་གསུངས་ཡོད་པ་ལྟར། བྱིས་པར་ཆུང་དུས་ནས་བྱམས་བརྩེ་དང་ཞུ་བའི་བྱེད་ཐབས་བཀོལ་ཏེ་གསོ་སྐྱོང་བྱེད་རྒྱུ་གལ་ཆེ། དེ་ལྟར་བྱས་ན་བྱིས་པ་ལ་ལྷན་སྐྱེས་སུ་ཡོད་པའི་མི་གཤིས་ཀྱི་ཡོན་ཏན་རྣམས་གསོ་སྐྱོང་བྱེད་ཐུབ་པ་དང་བྱིས་པ་ལེགས་ལམ་དུ་འགྲོ་བ་ཡིན། སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་ཀྱི་དཔེ་ཆའི་ཤོག་ངོས་༢༧་ནང་དུ་སྤྱོད་པ་འཚེ་བ་མེད་པ་ཡོང་བ་ཡང་བྱམས་བརྩེའི་བློ་ལ་ལྟོས་ཤིང་། བྱམས་བརྩེའི་བློ་དང་འབྲེལ་ནས་ཡོང་བ་ཞིག་ཡིན་ཞེས་གསུངས་པ་བཞིན། བྱིས་པ་ཡ་རབས། སྤྱོད་པ་བཟང་བོ་ཡོད་པ། བྱམས་བརྩེའི་བློ་དང་ལྡན་པ་ཞིག་སྐྱེད་སྲིང་བྱེད་བསམ་ན། བྱིས་པ་ལ་གཅར་རྡུང་མི་བྱེད་པར་བྱམས་པ་དང་བརྩེ་བའི་སྒོ་ནས་གསོ་སྐྱོང་བྱེད་དགོས། ཡང་ཕ་མ་ལ་ལས་བྱིས་པ་གཅར་རྡུང་བྱེད་པ་དེ་ནི་བྱིས་པ་གཅེས་རྒྱུ་མང་དྲགས་པ་དང་བྱིས་པ་ལ་ཤ་ཚ་བ་མང་དྲགས་པའི་རྒྱུ་མཚན་གྱིས་གཅར་གྱི་ཡོད་པ་རེད་ཅེས་དག་འབུད་བྱེད་ཀྱི་ཡོད། དེ་ལྟར་ཡིན་པའི་དབང་དུ་བཏང་ནའང་། གཅར་རྡུང་ནི་འཚེ་བ་ཡིན་ཞིང་འཚེ་བ་ནི་མི་དགེ་བ་ཡིན། མི་དགེ་བའི་འབྲས་བུ་སྡུག་བསྔལ་ཡིན། ཡང་སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་ཀྱི་དེབ་དེའི་ཤོག་ངོས་༣༠་ནང་དུ་བདེ་སྐྱིད་ཀྱི་རྩ་བ་སེམས་དུལ་མ་དུལ་དང་འབྲེལ་བ་ཡོད་སྟབས་སྡུག་བསྔལ་ནི་མ་དུས་པའི་སེམས་ཀྱིས་ཡོང་གི་ཡོད་པ་དང་། བདེ་སྐྱིད་ནི་དུལ་བའི་སེམས་ཀྱིས་ཡོང་གི་ཡོད་ཅེས་གསུངས་ཡོད་པ་ལྟར། བྱིས་པའི་མི་ཚེའི་ནང་དུ་བདེ་སྐྱིད་འབྱུང་ན་འདོད་པའི་ཕ་མ་ཚོས་རང་སེམས་དུལ་བའི་སྒོ་ནས་བུ་ཕྲུག་ལ་སྒྲིག་ལམ་འཇོག་རྒྱུ་གལ་ཆེ་བ་ལས་དྲག་ཤུགས་དང་བཙན་དབང་གི་སྒོ་ནས་བུ་ཕྲུག་ལ་སྒྲིག་ལམ་འཇོག་མི་ཉན། གལ་སྲིད་བུ་ཕྲུག་གི་སྟེང་དུ་བཙན་ཤེད་བྱེད་རྒྱུ་མང་དྲགས་པ་ཡིན་ན་བུ་ཕྲུག་གི་སེམས་ཞི་བར་གནས་མི་ཐུབ་པ་དང་། སེམས་ཞི་བར་མ་གནས་ན་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་མི་ཐུབ། ཡང་བོད་པའི་གཏམ་དཔེ་ལ་སྤྲོ་ཐུང་ཐུང་གིས་མི་བརྫད། ལ་ཐུང་ཐུང་གིས་རྟ་བརྫད་ཟེར་བ་ལྟར། ཕ་མས་གཞི་་འཇམ་པོ་དང་བློ་རྒྱ་ཡངས་མོའི་སྒོ་ནས་བུ་ཕྲུག་གི་ཁམས་དང་མོས་པ་ལྟར་གསོ་སྐྱོང་བྱེད་རྒྱུ་ཧ་ཅང་གལ་ཆེའོ།།

 

སྤྱི་ལོ་༢༠༡༨ ལོར་ཨ་རིའི་བྱིས་པ་དང་ན་གཞོན་གྱི་སེམས་གཅོང་བཅོས་ཐབས་ཀྱི་གཙིག་ལག་སློབ་གྲྭ(AACAP) ཞེས་པ་དེས་སྤེལ་བའི་གནས་ཚུལ་ལྟར་ན། གཅར་རྡུང་མྱངས་པའི་བྱིས་པ་དེ་མི་གཞན་ལ་བསམ་ཤེས་བྱེད་མི་ཐུབ་མཁན་ཞིག་དང་ཁོང་ཁྲོ་ལངས་སླ་བ། ཁོང་ཁྲོ་ལངས་དུས་དེ་ལ་སྟངས་འཛིན་བྱེད་མི་ཐུབ་པ། མི་ལ་ཐུབ་ཚོད་གཏོང་མཁན་ཞིག་དང་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུག་པའི་མི་སྤྱོད་པ་རྩུབ་པོ་ཅན་ཞིག་ཏུ་འགྱུར་བ་མ་ཟད། ཞེད་སྣང་ཆེ་ཞིང་འཚེར་སྣང་མང་བ། འཇིགས་སྣང་སྐྱེ་སླ་ཞིང་ཡིད་ཞུམ་པ། ངང་རྒྱུད་ཐུང་ཞིང་བཟོད་སྲན་བྱེད་མི་ཐུབ་པའི་མི་ཞིག་ཏུ་འགྱུར་གྱི་འདུག་ཅེས་གསུངས་ཡོད།  ཡང་ཨ་རིའི་ཀྲོས་ལན་སློབ་ཆེན་(Tulane University) གྱིས་ཉམས་ཞིབ་བྱས་པའི་གྲུབ་དོན་ལྟར་ན། བྱིས་པར་ཐལ་ལྕག་གིས་གཞུ་མྱོང་ས་དང་གཞུ་མ་མྱོང་ས་གཉིས་མཚུངས་བསྡུར་བྱས་པ་ཡིན་ན། བྱིས་པ་ཐལ་ལྕག་གིས་གཞུ་མྱོང་ས་དེ་རྩུབ་སྤྱོད་ཆེ་བ་ཞིག་རེད་ཅེས་བཤད་འདུག དེ་ལྟར་ན་ཕ་མས་རང་ཉིད་ཀྱི་གཅེས་ཕྲུག་ཆོད་སེམས་དང་སྙིང་སྟོབས་ཡོད་པ། རང་མཐོང་དང་རང་བརྩིས་ཡོད་པ། གདེང་ཚོད་དང་སྤོབས་པ་ཡོད་པ། བཟོད་བསྲན་དང་སྙིང་རུས་ལྡན་པའི་སེམས་ཁམས་ཅན་ཞིག་ཏུ་གསོ་སྐྱོང་བྱེད་འདོད་ན། བྱིས་པར་གཅར་རྡུང་མི་བྱེད་པར་གནས་ལུགས་དང་རྒྱུ་མཚན་བཤད་དེ་གསོ་སྐྱོང་བྱེད་དགོས་པ་ཡིན། ཡང་སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་སེམས་ཀྱི་ཞི་བདེ་དཀྲུག་མཁན་གཙོ་བོ་དེ་ཁོང་ཁྲོ་ཡིན་ཞེས་གསུངས་ཡོད་པ་ལྟར། བུ་ཕྲུག་གིས་ནོར་འཁྲུལ་བཟོས་པའི་སྐབས་སུ་ཕ་མས་རང་ཉིད་ཀྱི་སེམས་ཁམས་ལ་སྙོམ་སྒྲིག་བྱས་ཏེ་སེམས་ཞི་བར་གནས་ཐབས་བྱེད་དགོས་པ་གལ་ཆེ། གལ་སྲིད་ཕ་མས་དེ་མ་ཐག་ཁོང་ཁྲོ་ལཟོས་པ་ཡིན་ན། བུ་ཕྲུག་གིས་ནོར་འཁྲུལ་ཇི་ལྟར་བཟོས་པ་དང་བཟོ་དགོས་པའི་རྒྱུ་རྐྱེན་གྱི་སྐོར་ལ་རྒྱུས་ལོན་བྱེད་མི་ཐུབ་པ་ཡིན། མ་ཟད་ཁོང་ཁྲོ་ཟོས་པ་ཡིན་ན། རང་དང་རང་གི་ཁོར་ཡུག་གི་མི་ཚོའི་སེམས་ཀྱི་ཞི་བདེ་དཀྲུག་པ་ཡིན་པས་གཟབ་དགོས་སོ།།

 

མདོར་བསྡུས་ན་སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་རང་རྒྱུད་ཀྱི་ཞེ་སྡང་དང་ཁོང་ཁྲོ་དབང་དུ་བསྡུ་མཁན་དེ་ནི་དོན་དམ་པའི་དཔའ་བོ་རེད་ཅེས་གསུངས་ཡོད་པ་ལྟར། གཅར་རྡུང་གི་སྦྱོར་བ་ནི་ཞེ་སྡང་ཁོང་ཁྲོ་ལ་བརྟེན་ནས་བྱུང་བ་དང་། ཞེ་སྡང་ཁོང་ཁྲོ་ནི་ཉོན་མོངས་དུག་གསུམ་གྱི་གྲས་ཀྱི་གཅིག་ཡིན། དེར་བརྟེན་གཅར་རྡུང་ནི་བུ་ཕྲུག་ལེགས་ལམ་དུ་འགྲོ་བའི་བྱེད་ཐབས་ཤིག་མ་ཡིན་པར། བུ་ཕྲུག་གི་སྤྱོད་པ་ཇེ་རྩུབ་ཏུ་གཏོང་བའི་འུ་ཐུག་གི་སྤྱོད་པ་ཞིག་ཡིན། དེ་ལྟར་ན་བུ་ཕྲུག་ཡ་རབས། སྤྱོད་བཟང་ཞིག་གསོ་སྐྱོང་བྱེད་པའི་ཐབས་ལམ་ཡག་ཤོས་དེ་ནི་གནས་ལུགས་དང་རྒྱུ་མཚན་བཤད་དེ་བྱམས་བརྩེ་དང་ཞི་བའི་སྐྱོང་ཐབས་དེ་ཡིན་ཞིང་། དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པའི་བུ་ཕྲུག་སྤོབས་པ་ཅན་ཞིག་བསྐྱེད་སྲིང་བྱེད་པའི་ཐམས་ལམ་དེ་ནི་བྱིས་པའི་རང་གཤིས་ལ་བརྩི་བཀུར་བྱས་ཏེ་བྱིས་པའི་བཟང་སྤྱོད་སྔོགས་འདོན་བྱས་ནས་བུ་ཕྲུག་ལ་ངོས་འཛིན་ཐོབ་ཏུ་འཇུག་དགོས། གཅར་རྡུང་ལ་མི་དགའ་བ་ནི་བྱིས་པ་ཆུང་ཆུང་ཙམ་མ་ཡིན་པར། ཁྱི་དང་ཞི་མི་ཞིག་ཡིན་ཡང་གཅར་རྡུང་བྱས་ན་བྲོས་འགྲོ་བ་ལས། མཇུག་མ་གཡུགས་ཏེ་ཞི་འཇམ་བག་ཕེབས་ཀྱི་སྒོ་ནས་བདག་པོའི་འགྲམ་དུ་མི་འདུག་པ་ལྟར་། ཕ་མས་བུ་ཕྲུག་འཚར་ལོངས་འབྱུང་སའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ནས་བུ་ཕྲུག་ལ་གཅར་རྡུང་བྱེད་མཚམས་འཇོག་དགོས་སོ།།


 

Topic: བྱིས་པ་བྱམས་ཀྱིས་སྐྱོང་བ་ལས་གཅར་རྡུང་བྱེད་མི་ཉན།

No comments found.

New comment