བྱིས་པར་དཔེ་ཀློག་གི་གོམས་གཤིས་འཇོག་ཐབས།

བྱིས་པར་དཔེ་ཀློག་གི་གོམས་གཤིས་འཇོག་ཐབས།


བྱིས་པར་དཔེ་ཀློག་གི་གོམས་གཤིས་འཇོག་ཐབས།

བྱིས་པ་ནི་མ་འོངས་པའི་བདག་པོ་ཡིན་ཞེས་པ་ལྟར། བོད་པའི་ཕ་མ་སུ་ཡིན་ཀྱང་བྱིས་སྐྱོང་གི་བྱ་བ་ནི་མི་ཚེའི་ནང་གི་བྱ་བཞག་ཆེས་གལ་ཆེ་བ་དེ་ཡིན་པ་ཤེས་དགོས། རང་ཉིད་དང་ཁྱིམ་ཚང་། སྤྱི་ཚོགས་དང་མི་རིགས། རིག་གནས་ཀྱི་དར་རྒུད་སོགས་ཀྱང་བྱིས་པའི་རྨང་གཞིའི་སློབ་གསོའི་བྱེད་ཐབས་འགྲིག་མིན་ལ་ཐུག་ཡོད། དེ་ན་གཙོ་བོ་བྱིས་པ་གསོ་སྐྱོང་གི་ལས་དོན་ལ་ལམ་འགྲོ་ཡོང་བའི་ཆེད་དུ་ཕ་མ་ཚོས་ཆོད་སེམས་བརྟན་པོ་ཡོད་པའི་ཐོག་ནས་འགན་ཁུར་དགོས་ཤིང་། གནའ་དེང་གི་སེམས་ཁམས་ཚན་རིག་པ་ཚོས་གཞུང་ལུགས་དང་ལྟ་གྲུབ་སྣ་ཚོགས་གཞི་ལ་བཞག་སྟེ་བྱིས་སྐྱོང་སློབ་གསོའི་བྱེད་ཐབས་མང་བོ་ཞིག་ཞིབ་འཇུག་བྱས་ཏེ་གསུངས་ཡོད་པའི་ཁྲོད་ནས། ཆེས་མཆོག་ཏུ་གྱུར་བའི་བྱེད་ཐབས་ཤིག་ནི་དཔེ་ཀློག་སློབ་གསོ་ཡིན་པ་རེད། དེ་ན་མི་རིགས་ཀྱི་མ་འོངས་པའི་བདག་པོ་སྟེ་གདོང་དམར་བོད་པ་ཚང་གི་བྱིས་པ་ཚོ་ལ་དཔེ་ཀློག་གི་འདུ་ཤེས་བརྟན་པོ་ཞིག་འཇོག་ཕྱིར་ཕ་མ་ཚོས་བརྩོན་པ་ཆེན་པོས་ཤེས་འཇོན་ལྷག་གསུམ་ཚང་བའི་བུ་ཕྲུག་སྐྱེད་སྲིང་བྱེད་དགོས།

 

ཨ་རིའི་གནམ་གཤིས་ཚན་རིག་པ་ཁ་རོ་སེ་རྒན་(Carl Sagan) ཞུ་བ་དེས་རང་གི་ཀྱི་སྤྱི་ཚོགས་ལ་ཆེས་རིན་ཐང་ཆེ་བའི་ལེགས་སྐྱེས་ཤིག་སྤྲོད་པར་འདོད་ན། རང་གི་བུ་ཕྲུག་ལ་དཔེ་ཀློག་བྱེད་དགོས་པ་ཡིན་ཞེས་གསུངས་ཡོད། ཨ་རི་དང་ཇར་མན། འཇར་པན། ཁ་ན་ཊ་ལ་སོགས་པའི་སློབ་གསོ་དང་ཚན་རིག་དར་བའི་རྒྱལ་ཁབ་ཀྱི་ཕ་མ་ཚོས་ཕྲུ་གུ་ཨ་མའི་མངལ་དུ་ཡོད་པའི་སྐབས་ནས་དཔེ་ཀློག་བྱས་དང་བྱེད་བཞིན་དུ་ཕྲུ་གུའི་སེམས་ལ་བག་ཆགས་བཞག་དང་འཇོག་བཞིན་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན། དེ་ན་ཕྲུ་གུ་ལ་དཔེ་ཀློག་གི་བག་ཆགས་འཇོག་འདོད་པའི་ཕ་མ་ཚོས་ཕྲུ་གུ་ཨ་མའི་མངལ་དུ་ཡོད་པའི་སྐབས་ནས་དཔེ་ཆ་བཀླགས་ཏེ་ཐོས་པའི་སློབ་གསོ་སྤྲོད་དགོས་པ་ཡིན། དེང་སང་བོད་ཕྱི་ནང་གི་བོད་པའི་ཕ་མ་ཚོའི་ཁྲོད་དུའང་བྱེད་ཐབས་འདི་ལག་བསྟར་བྱེད་མཁན་མི་ཉུང་བ་བྱུང་དང་འབྱུང་བཞིན་ཡོད་པ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་ཅིང་། གནས་ཚུལ་དེ་ནི་ཡར་རྒྱས་ཀྱི་མཚོན་རྟགས་ཤིག་དང་བཟང་ཕྱོགས་ཀྱི་འགྱུར་བ་ཡག་པོ་ཞིག་ཡིན། བྱིས་པའི་སློབ་གསོ་གླེང་བའི་གཏམ་ཞེས་པའི་བྱིས་སྐྱོང་སློབ་གསོའི་དཔེ་དེབ་རྩོམ་པ་པོ་རྒྱལ་རོང་བརྩོན་འགྲུས་ལགས་དང་བྱིས་སྐྱོང་སྐོར་ལ་ཉམས་མྱོང་ཆེ་བའི་ཁྲོ་ཆུའི་དོན་འགྲུབ་ལ་སོགས་པའི་འགན་ཁུར་ཅན་གྱི་ཕ་མ་སྐོར་ཞིག་གིས་ཀྱང་སྦྲུམ་ལྡན་ཆུང་མའི་མངལ་གྱི་ཐད་ནས་ཆེད་དུ་བོད་ཡིག་གི་དཔེ་ཆ་ཀློག་འདོན་བྱས་དང་བྱེད་བཞིན་ཡོད། སྤྱི་ལོ་༢༠༡༣ ལོའི་ཟླ་བ་༢ པའི་ཚེས་༢༦ ཉིན་དབྱིན་ཇིའི་བྷིས་བྷིས་སི་གསར་ཁང་གིས་སྤེལ་བའི་གསར་འགྱུར་དུ་ཧྥ་རན་སའི་རྒྱལ་ཡོངས་ཚན་རིག་ཁང་གི་ཞུབ་འཇུག་པ་ཚོས་ཨ་མའི་མངལ་གྱི་ཕྲུ་གུ་ཟླ་བ་བདུན་ལོན་པ་དེས་མངལ་གྱི་ཕྱི་རོལ་ཏུ་གྲགས་པའི་ཕོ་མོ་གཉིས་ཀྱི་སྐད་གདངས་ཀྱི་ཁྱད་པར་དང་དབྱེ་བ་འབྱེད་ཤེས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག སྤྱི་ལོ་༢༠༡༣ ལོའི་ཟླ་བ་༡ པོའི་ཚེས་༢ ཀྱི་ཉིན་ཨ་རིའི་ཝ་ཤུན་ཊོན་སློབ་ཆེན་གྱི་ཚན་རིག་སྡེ་ཚན་གྱིས་སྤེལ་བའི་གསར་འགྱུར་ནང་དུ་བྱིས་པ་བཙས་ནས། དུས་ཚོད་ཁ་ཤས་ཀྱི་རྗེས་སུ་ཕ་སྐད་དང་གཞན་སྐད་ཀྱི་ཁྱད་པར་ངོས་འཛིན་དང་དབྱེ་འབྱེད་སོགས་བྱེད་ཤེས་ཀྱི་ཡོད་པ་གསུངས་པ་དང་། ཨ་རིའི་བྱིས་སྒྲུང་རྩོམ་པ་པོ་ཨེ་མི་ལས་བྷ་ཆ་བོར་ཀྲི་(Emilie Buchwald)མཆོག་གིས་ཀྱང་དཔེ་ཀློག་ལ་སྤྲོ་བ་ཡོད་པའི་བྱིས་པ་ཞིག་གསོ་སྐྱོང་བྱེད་ས་དེ་ཕ་མའི་པང་རེད་ཅེས་གསུངས་ཡོད། དེ་ན་ཕྲུ་གུ་བཙས་ནས་ཟླ་བ་ཁ་ཤས་ཀྱི་རྗེས་ནས་ཕ་མ་གཉིས་ཀྱིས་ཕྲུ་གུ་རང་གི་ཤ་དྲོད་ལ་སྦྱར་ཏེ་དཔེ་ཀློག་བྱས་ནས་གསོ་སྐྱོང་བྱེད་དགོས། དེ་ལྟར་གསོ་སྐྱོང་བྱས་པ་ཡིན་ན་ཕྲུ་གུའི་སེམས་ཁམས་ལྷོད་ལ་གནས་པ་མ་ཟད། བློ་རིག་སྒྲིམ་སྟེ་དཔེ་ཆ་ཀློག་པའི་སྒྲ་ལ་རོལ་མྱོང་བྱེད་ཐུབ། ལྷག་པར་དུ་ཕྲུ་གུ་བཙས་ནས་ལོ་ལྔའི་བར་ནི་ཕྲུ་གུའི་ཀླད་པ་འཕེལ་རྒྱས་སུ་འགྲོ་བའི་དུས་ཚོད་ཆེས་བཟང་ཤོས་དེ་ཡིན་པས། ཕ་མ་ཚོས་དུས་ཚོད་དེ་དམ་འཛིན་བྱེད་དགོས།

 

ཕ་མ་དཔར་ཤིང་ཡིན། བུ་ཕྲུག་དཔར་རས་ཡིན་ཞེས་བརྗོད་ལ། བྱིས་པ་ལད་ཟློས་ལ་དགའ། ལད་ཟློས་བྱེད་ཡུལ་ཕ་མ་ཡིན་ཞེས་པ་ལྟར། དཔེ་ཀློག་ལ་དགའ་བའི་བུ་ཕྲུག་ཅིག་སྐྱེད་སྲིང་བྱེད་པའི་ཆ་རྐྱེན་གཙོ་བོ་དེ་ཕ་མ་ལ་དཔེ་ཀློག་གི་གོམས་གཤིས་ཡོད་དགོས་པ་དེ་ཡིན། དེ་ན་ཕ་མ་ཚོས་རང་དཔེ་བུ་སྟོན་གྱི་ལམ་ནས་དཔེ་ཀློག་གི་བྱ་བར་འཇུག་དགོས་ཤིང་། བུ་ཕྲུག་གི་ཁོར་ཡུག་ནས་ནམ་རྒྱུན་དཔེ་ཆ་ཀློག་འདོན་ལས་ལ་ཞུགས་དགོས། དེ་ལྟར་བྱས་ན་ཕ་མའི་དཔེ་ཀློག་གི་གོམས་གཤིས་ཀྱི་བག་ཆགས་བུ་ཕྲུག་གི་རྒྱུད་ལ་འབྱར་བར་བཤད། ཕ་མ་ནི་བུ་ཕྲུག་གི་དགེ་རྒན་ཐོག་མ་ཡིན་ཞེས་བའི་རྒྱུ་མཚན་དེ་ཡང་ཕ་མའི་གོམས་གཤིས་ཀྱི་སྟེང་ནས་བུ་ཕྲུག་ལ་སློབ་གསོ་ཐེབས་ཀྱི་ཡོད་པ་ལ་ཐུག་པས་ཡིན། དེ་བཞིན་དུ་ཕ་མའི་གང་བྱས་བུ་ཕྲུག་གི་སློབ་གསོ་ཡིན་ཟེར་སྲོལ་ཡོད་པ་ལྟར། བོད་པའི་ཕ་མ་ཚོས་བུ་ཕྲུག་གི་ཁོར་ཡུག་ནས་བོད་ཡིག་གི་དཔེ་ཆ་ཀློག་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡིན་ཞིང་། གལ་སྲིད་ཕ་མ་ལ་བོད་ཡིག་གི་དཔེ་ཆ་ཀློག་པའི་གོམས་གཤིས་མེད་ན། བུ་ཕྲུག་གི་སེམས་སུ་བོད་ཡིག་གི་དཔེ་ཆར་དགའ་བའི་འདུ་ཤེས་འཇོག་མི་ཐུབ། དེ་ན་བོད་པའི་ཕ་མ་ཚོར་བོད་ཡིག་གི་དཔེ་ཆ་ཀློག་པའི་གོམས་གཤིས་ངེས་པར་དུ་ཡོད་དགོས། གལ་སྲིད་བོད་ཡིག་གི་དཔེ་ཆ་ཀློག་པའི་གོམས་གཤིས་ཡོད་མཁན་གྱི་ཕ་མ་ཞིག་ཡིན་ན་བུ་ཕྲུག་གི་ལུས་སེམས་ལ་དཔར་རས་ཀྱི་སྟེང་དུ་དཔར་ཤིང་གིས་དཔར་པ་ནང་བཞིན་གོམས་གཤིས་དེ་བརྟན་པོར་གནས་པ་ཡིན།རྒྱ་གར་གྱི་བདག་ཉིད་ཆེན་པོ་མ་ཧ་གན་རྡི་མཆོག་གིས་རང་ཉིད་ཀྱིས་མཐོང་ན་འདོད་པའི་སྤྱི་ཚོགས་ཀྱི་འགྱུར་བ་དེ་ཐོག་མར་རང་སྟེང་ནས་འགོ་འཛུགས་དགོས་ཞེས་གསུངས་ཡོད། བུ་ཕྲུག་གི་མ་འོངས་པའི་འཚོ་བ་དང་གོ་གནས་དེ་སྤྱི་ཚོགས་ཀྱི་པང་རིམ་མཐོ་སར་སྐྱེལ་འདོད་ཡོད་པའི་ཕ་མ་ཞིག་ཡིན་ན། བུ་ཕྲུག་ཆུང་དུས་ནས་དཔེ་ཆ་དང་གླེགས་བམ་གྱི་ཐེམ་སྐས་སུ་འཛེགས་པའི་གོམས་གཤིས་ཆགས་སུ་འཇུག་དགོས། དེ་ལྟར་དུ་བུ་ཕྲུག་དཔེ་ཀློག་ལ་འཇུག་པར་བུ་ཕྲུག་གི་མོས་འདུན་ལྟར་སྤྲོ་སྣང་སྤྲོད་དགོས་པ་དེ་ཡང་ཧ་ཅང་གལ་ཆེན་པོ་ཡིན། འཇར་མན་གྱི་བྱིས་སྐྱོང་སློབ་གསོ་བ་ཁའར་ཐི་མཆོག་གིས་མཛད་པའི་སྦྱོང་ཐོབ་སློབ་གསོ་མན་ངག་ཏུ་བྱིས་སྐྱོང་སློབ་གསོའི་མན་ངག་ལས་ཆེས་གལ་ཆེ་བ་དེ་ནི་བྱིས་པར་སྤྲོ་སྣང་ཡོད་དགོས་ཞེས་གསུངས་ཡོད།དེ་ན་བུ་ཕྲུག་དཔེ་ཀློག་ལ་འཇུག་པའི་གོ་རིམ་ཁྲོད་དུ་ཕ་མས་བུ་ཕྲུག་གི་རང་གཤིས་དང་རང་དབང་ལ་བརྩི་བཀུར་བྱེད་པ་དང་། བུ་ཕྲུག་གིས་དཔེ་ཀློག་བྱེད་བཞིན་པའི་སྐབས་སུ་དེ་ལ་བར་ཆད་མི་བྱེད་པར་བུ་ཕྲུག་གི་དཔེ་ཀློག་གོམས་གཤིས་ལ་ཡི་རང་དང་མཐོང་ཆེན་བྱེད་དགོས། དེ་ལྟར་བྱེད་པ་ཡིན་ན་བུ་ཕྲུག་གི་སེམས་སུ་དཔེ་ཀློག་གི་དུས་ཚོད་དེ་རང་དབང་གི་དུས་ཚོད་ཅིག་ལ་ངོས་འཛིན་བྱས་ཏེ་དཔེ་ཀློག་བྱེད་པར་ཉོབ་སྣང་མི་སྐྱེ་པར་སྤྲོ་སྣང་འཕེལ་ངེས། བུ་ཕྲུག་དཔེ་ཀློག་ལ་འཇུག་པའི་འདུན་པ་ཡོད་པའི་སྐབས་སུ་གོ་སྐབས་ངེས་པར་དུ་སྤྲོད་དགོས་ཤིང་། བུ་ཕྲུག་གིས་ཀློག་བཞིན་པའི་དཔེ་དེབ་གྱི་སྐོར་ལ་བུ་ཕྲུག་དང་ལྷན་དུ་གླེང་མོལ་བྱེད་དགོས། གཙོ་བོ་བུ་ཕྲུག་གིས་དཔེ་ཀློག་བྱེད་དུས་ཕ་མས་སྣང་མེད་མི་བྱེད་པར་དོ་སྣང་སྤྲོད་དགོས་ཤིང་། ནན་ཏན་གྱིས་ཉན་པ་ཡིན་ན་བུ་ཕྲུག་གི་དཔེ་ཀློག་གི་འདུན་པ་ཤུགས་ཆེ་རུ་འགྲོ་ཞིང་རིམ་གྱི་འཚོ་བའི་གྲུབ་ཆ་ལྟ་བུ་འགྱུར་བ་ཡིན་ནོ།།

 

ཕྱི་གླིང་གི་སྤྱི་ཚོགས་ཚན་པ་ཚོས་མི་ནི་སྤྱི་ཚོགས་དང་ཁོར་ཡུག་གིས་ཐོན་སྐྱེད་བྱས་པའི་སེམས་ཅན་ཞིག་ཡིན་ཞེས་འབྲེལ་བརྗོད་བྱེད་ཀྱིན་ཡོད་པ་ལྟར། ཕ་མས་ཐབས་ཤེས་འདྲ་མིན་གྱི་ལམ་ནས་བུ་ཕྲུག་ལ་དཔེ་ཀློག་གི་གོམས་གཤིས་འཇོག་པ་དང་དཔེ་ཀློག་གི་འདུན་པ་གོང་འཕེལ་དུ་འགྲོ་བའི་མཐུན་རྐྱེན་བསྐྲུན་དགོས་པ་དཔེར་ན། མི་ཡོན་ཏན་ཅན་དང་དཔེ་ཀློག་གི་གོམས་གཤིས་ཡོད་མཁན་གྱི་ཕ་མ་ཚོར་འགྲོགས་འདྲིས་བྱས་ཏེ་དཔེ་ཀློག་སློབ་གསོའི་དགེ་མཚན་གླེང་མོལ་བྱེད་དགོས། གུང་གསེང་དང་སློབ་གསེང་གི་སྐབས་སུ་བུ་ཕྲུག་དཔེ་མཛོད་ཁང་དང་དཔེ་ཚོང་ཁང་སོགས་ལ་ཁྲིད་དེ་བུ་ཕྲུག་ལ་ཀློག་མོས་ཡོད་པའི་དཔེ་ཆ་ཀློག་པ་འམ་ཉོ་དགོས། རབ་ཡིན་ན་ཁྱིམ་ཚང་ནང་དུ་དཔེ་ཀློག་བྱེད་སའི་དཔེ་མཛོད་ཁང་ཆུང་ཆུང་ཞིག་བཟོ་དགོས། དེ་འདྲའི་ཆ་རྐྱེན་མེད་ན་སྡོད་ཁང་དང་ཉལ་ཁང་སོགས་སུ་དཔེ་སྒྲོམ་ནང་དུ་བོད་ཡིག་གི་དཔེ་ཆ་བསྒྲིགས་དགོས་པ་དང་། ཁྱིམ་ཚང་ནང་དུ་དཔེ་ཀློག་གི་དུས་ཚོད་གཏན་འཁེལ་བཟོས་ཏེ་ནང་མི་ཚང་མར་དཔེ་ཀློག་བྱེད་དུ་འཇུག་དགོས། བུ་ཕྲུག་གི་འདེད་འཁོར་དང་རྒྱབ་ཁུག་ནང་དུའང་བོད་ཡིག་གི་དཔེ་ཆ་རེ་བཞག་སྟེ་བུ་ཕྲུག་དཔེ་ཀློག་ལ་དགའ་ཞིང་དམིགས་བསལ་བོད་ཡིག་གི་དཔེ་ཆ་ལ་དགའ་པའི་འདུ་ཤེས་དང་གོམས་གཤིས་འཇོག་ཐབས་བྱེད་དགོས།བྱིས་པའི་བློ་རིག་ཁབ་ལས་རྣོ། མི་ཤེས་བསམ་པའི་འདུ་ཤེས་སྤོངས་ཞེས་བ་དང་། རང་གིས་མ་རིག་མ་ཤེས་པས། བྱིས་པས་མི་ཤེས་འདོད་པ་འཁྲུལ་ཞེས་བ་ལྟར། ཕ་མས་རང་གི་བུ་ཕྲུག་ལ་དཔེ་ཆ་ཀློག་དུས་བུ་ཕྲུག་ལ་འགྲེལ་བཤད་མ་བྱས་ན་བུ་ཕྲུག་གིས་མི་ཤེས་བསམ་པ་དེ་ནོར་བ་ཡིན་པས་འདོར་དགོས། དེ་ན་ཕ་མས་བུ་ཕྲུག་ལ་དཔེ་ཆ་ཀློག་སྐབས་སྐད་མགོ་ཅུང་ཟད་མཐོན་པོར་བྱས་ཏེ་དབྱངས་ལྟ་དང་བཅས་གསོན་ཉམས་ལྡན་པའི་སྒོ་ནས་ཀློག་དགོས། ཕ་མའི་སྐད་ངག་ལ་ཉན་པར་སྤྲོ་ནི་བུ་ཕྲུག་གི་རང་གཤིས་ཡིན་ཞིང་དཔེ་ཆ་ཀློག་དུས་དབྱངས་ལྟ་བཅས་གསོན་ཉམས་ལྡན་པར་ཀློག་ན་བུ་ཕྲུག་གི་རྣ་བར་སྙན་ཞིང་ཡིད་ངོར་འཛིན་བདེ་བར་བཤད། ནུབ་ཕྱོགས་པའི་ཕ་མ་ཚོར་མཚོན་ན་ནུབ་མོ་རྟག་པར་བུ་ཕྲུག་ལ་ཆད་མེད་དུ་དཔེ་ཆ་ཀློག་གི་ཡོད་པ་དང་། དཔེ་ཆ་ཀློག་དུས་ཤར་སེ་ཀློག་ནས་འགྲོ་བ་ལས་བུ་ཕྲུག་ལ་འགྲེལ་བཤད་བྱེད་ཀྱི་མི་འདུག དེ་ལྟར་ན་བོད་པའི་ཕ་མ་ཚོས་ཀྱང་བུ་ཕྲུག་ལ་ནུབ་མོ་རྟག་པར་དཔེ་ཀློག་དགོས་ཤིང་། ནུབ་ཕྱོགས་ཀྱི་ཕ་མ་ཚོར་མིག་ལྟོས་བྱས་ཏེ་དཔེ་ཆ་ཀློག་དུས་འགྲེལ་བཤད་མང་པོ་མ་བྱས་པར་ཤར་སེ་དབྱངས་ལྟ་དང་བཅས་ཀློག་པ་ཡིན་ན། བུ་ཕྲུག་སེམས་སུ་བརྡ་སྤྲོད་དང་མཐུན་པའི་ཡིག་སྐད་ཀྱི་བག་ཆགས་འཇོག་ཐུབ་པའི་དགེ་མཚན་ཡོད་པར་སེམས། གལ་སྲིད་བུ་ཕྲུག་ལ་དཔེ་ཀློག་བྱེད་པའི་མོས་པ་མེད་པའི་སྐབས་སུ། བཙན་པོ་དབང་ཡོད་ཀྱིས་གནོན་ཤུགས་མི་སྤྲོད་པར་ངལ་གསོ་རུ་འཇུག་དགོས་པ་དང་། བུ་ཕྲུག་གི་ཁོར་ཡུག་ནས་བུ་ཕྲུག་དཔེ་ཀློག་ལ་དགའ་བ་དང་དཔེ་ཆ་མང་བོ་ཀློག་གི་ཡོད་པ་སྐོར་སྤོབས་སེམས་དང་བཅས་ཁ་བརྡ་བྱས་ན་བུ་ཕྲུག་ལ་དཔེ་ཀློག་གི་གོམས་གཤིས་རྒྱུན་སྐྱོང་བྱེད་པར་སེམས་ཤུགས་སྤར་ཐུབ། དེ་ལྟར་ནའང་བྱིས་པ་རེ་རེའི་ཁམས་དང་མོས་པ་མི་འདྲ་པས། ཕ་མ་ཚོས་རང་ཉིད་ཀྱི་བུ་ཕྲུག་གི་རྒྱུད་ལ་དཔེ་ཀློག་གི་གོམས་གཤིས་ཆགས་ཐབས་ལ་འབད་བརྩོན་གནང་དགོས་པ་གལ་ཆེའོ།།

མཐའ་སྡོམ་ནི། རང་ཉིད་དང་ཁྱིམ་ཚང་། མི་རིགས་ཀྱི་སྲོག་རྩ་རུ་གྱུར་བའི་རིག་གནས་ཀྱི་རྒྱུན་འཛིན་ཐུབ་པ་ནི་ཤིན་ཏུ་གལ་ཆེ་ཞིང་། བྱིས་པའི་རྨང་གཞིའི་སློབ་གསོ་ལ་དོ་ཁུར་བྱས་ཏེ་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཡོད་པའི་བུ་ཕྲུག་ཤེས་འཇོན་གཉིས་ལྡན་ཞིག་སྐྱེད་སྲིང་བྱེད་པར་འབད་དགོས་པ་ཡིན། འཇར་མན་གྱི་བྱིས་སྐྱོང་སློབ་གསོ་བ་ཁའར་ཐི་མཆོག་གིས་བྱིས་པ་བཙས་ནས་ལོ་ལྔའི་བར་དུ་བྱིས་པར་ལྷན་སྐྱེས་སུ་ཡོད་པའི་གབ་རྩལ་ཕལ་ཆེ་བ་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་བཤད་པས། བོད་པའི་ཕ་མ་ཚོས་རང་ཉིད་ཀྱི་བུ་ཕྲུག་གི་སེམས་ཁམས་སུ་དཔེ་ཀློག་ལ་དགའ་བའི་འདུ་ཤེས་བརྟན་པོ་ཞིག་བཞག་སྟེ་རང་ཉིད་དང་ཁྱིམ་ཚང་། མི་རིགས་ཀྱི་མ་འོངས་པའི་ལས་དབང་ལ་བསྒྱུར་བཅོས་གཏོང་པར་སྙིང་སྟོབས་དང་འཇོན་ཐང་ཡོད་པའི་བྱིས་པ་གསོ་སྐྱོང་བྱེད་དགོས་པ་ཡིན་ནོ།

 

ཕྱི་ལོ་༢༠༢༠ལོའི་ཟླ་བ་༩་བའི་ཚེས་༡༩ཉིན་གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས།

 

Topic: བྱིས་པར་དཔེ་ཀློག་གི་གོམས་གཤིས་འཇོག་ཐབས།

No comments found.

New comment