འཇར་པན་གྱི་དམངས་ཁྲོད་སྒྲུང་གཏམ།

དགེ་རྒན་དང་སློབ་མ་ཆུང་ཆུང་།

སློབ་གྲྭ་ཞིག་ལ་དགེ་རྒན་གྲྭ་བ་ཞིག་ཡོད་པ་དང་། ཁོང་གིས་ཞལ་ལག་མཆོད་ཚར་བ་དང་། གཟིམ་ནས་བཞུགས་པ་ནི་རྒྱུན་སྲོལ་ལྟ་བུ་ཆགས་ཡོད་པ་རེད། ནམ་རྒྱུན་སློབ་ཐུན་འཚོགས་ལ་ཉེ་བའི་སྐབས་སུ་ཞལ་ལག་ཧ་ཅང་མང་བོ་མཆོད་ཀྱི་ཡོད་པ་དང་། འཚམས་འཚམས་སུ། ཁོང་གི་སྐུ་གཟུགས་འགུལ་སྐྱོད་ཀྱང་བྱེད་ཐུབ་ཀྱི་མེད།

སློབ་ཐུན་འཚོགས་པ་དང་ལྷན་དུ། ཁོང་གཟིམ་ནས་བསྡོད་ཀྱི་ཡོད་པ་དང་། སློབ་ཐུན་གྲོལ་བའི་དྲིལ་སྒྲ་གྲགས་པ་ན། གཞི་ནས་ཁོང་གཉིད་ལས་སད་ཀྱི་ཡོད་པ་རེད།

 

ཁོང་གི་འཛིན་གྲྭའི་ནང་དུ་ཧ་ཅང་སྐྱོ་བོ་ཡིན་པའི་ཞིང་བའི་ཁྱིམ་ཚང་ཞིག་གི་སློབ་མ་མིང་ལ་ལིས་ཞེས་པ་ཞིག་ཡོད། ཉིན་ཞིག་སློབ་མ་དེས་དགེ་རྒན་ལ། རྒན་ལགས། སྐུ་ཉིད་ཅིའི་ཕྱིར་སློབ་ཐུན་ཚང་མར་གཟིམས་ནས་སྡོད་ཀྱི་ཡོད་ཅེས་དྲིས། དགེ་རྒན་ལ་རྣམ་རྟོག་གང་ཡང་མེད་པར། ཡ་སློབ་མ་ཆུང་ཆུང་། ཁྱོད་ཀྱི་མཐོང་སྣང་ལ་ང་གཉིད་ནས་བསྡད་ཡོད་པ་འདྲ་བོ་འདུག་ཀྱང་། དོན་དམ་ང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་མཇལ་ཏེ་ཁོང་གི་མདུན་ནས་ཆོས་ལ་ཉན་གྱིན་ཡོད་ཅེས་བཤད་པ་དང་། རྒྱུ་མཚན་དེ་འདྲའི་དབང་གིས། ང་མང་བོ་གཉིད་ཀྱི་ཡོད་ཅེས་ལན་བཏབ།

 

ཐེངས་ཤིག་སློབ་ཕྲུག་ལིས་ཀྱི་ཕ་རྒན་ལ་ན་ཚ་ཞིག་བྱུང་བས། ལིས་ཀྱིས་མཚན་གང་བོར་ཕ་རྒན་ལ་བདག་སྐྱོང་བྱས་ནས་གཉིད་ཁོམ་མ་བྱུང་བ་དང་། ཕྱི་ཉིན་འཛིན་གྲྭའི་ནང་དུ་ཁོ་གཉིད་ལ་ཤོར། འཛིན་གྲྭ་གྲོལ་བའི་དྲིལ་སྒྲ་གྲགས་ཀྱང་ཁོ་གཉིད་ལས་སད་མ་ཐུབ་པ་རེད། དགེ་རྒན་ལགས་དྲིལ་སྒྲས་གཉིད་ལས་དཀྲོགས་དུས། སློབ་མ་ལིས་འཛིན་ཁང་དུ་ད་དུང་གཉིད་བསྡད་ཡོད་པ་དང་། དགེ་རྒན་ཁོང་ཁྲོ་ཆེན་པོ་ལངས་ཏེ། སློབ་མ་ལིས་ཀྱི་ཨ་འབྱོག་གཉིས་ཀར་ལག་པས་འཇུས་ཏེ་ཕར་ཚུར་ལ་འཐེན་ནས་ན་རེ། ཀ་ཡེ། ལེ་ལོ་ཅན་ཁྱོད། མ་རབས་ཆུང་ཆུང་། ཁྱོད་འཛིན་ཁང་ནང་དུ་གཉིད་ལ་སྡོད་སུ་ཞིག་གིས་ལབ་སོང་ཞེས་དྲིས།

 

སློབ་མ་ལིས་ཀྱིས། དགེ་རྒན་ལགས། ངའི་ཨ་འབྱོག་གཉིས་ཀ་ཐོངས་དང་། ང་ལ་རྒྱུ་མཚན་བཤད་རྒྱུ་ཡོད་ཅེས་སྐད་བརྒྱབ།


དེ་ནས་དགེ་རྒན་གྱིས་ཁོའི་ཨ་འབྱོག་གཉིས་ཀ་ཀློད། སློབ་མ་ལིས་ན་རེ། དགེ་རྒན་ལགས། སྐུ་ཉིད་ཀྱི་གཟིགས་སྣང་ལ། ང་གཉིད་བསྡད་པ་འདྲ་བོ་གཟིགས་ཡོད་སྲིད། འོན་ཀྱང་། ང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་མཇལ་ཏེ། ཁོང་གི་མདུན་ནས་ཆོས་ལ་ཉན་ནས་བསྡད་པ་ཡིན་ཞེས་བཤད། དགེ་རྒན་གྱིས། དེ་ན་སྟོན་པ་བཅོམ་ལྡན་འདས་ཀྱིས་ཁྱོད་ལ་ག་རེ་གསུང་སོང་ཞེས་དྲིས། སློབ་མ་ལིས་ན་རེ། སྟོན་པ་བཅོམ་ལྡན་འདས་ཀྱིས་ང་ལ་འདི་ལྟར་གསུང་སོང་། ཁོང་ཁྱོད་ལ་མཇལ་མྱོང་རྩ་བ་ནས་མེད་ཅེས་གསུང་སོང་ཞེས་ལན་བཏབ།

 

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: འཇར་པན་གྱི་དམངས་ཁྲོད་སྒྲུང་གཏམ།

No comments found.

New comment