སྐྱེས་པ་ཚང་མ་བུད་མེད་རིང་ལུགས་པ་ཞིག་ཡིན་དགོས་པར་སྙམ།

སྐྱེས་པ་ཚང་མ་བུད་མེད་རིང་ལུགས་པ་ཞིག་ཡིན་དགོས་པར་སྙམ།

སྐྱེས་པ་ཚང་མ་བུད་མེད་རིང་ལུགས་པ་ཞིག་ཡིན་དགོས་པར་སྙམ། 

 

མཁས་དབང་དགེ་འདུན་ཆོས་འཕེལ་ཚང་གིས་གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུགས། ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུགས། མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། གཅིག་ལ་གཅིག་འགྱོགས་བདེ་བའི་ཕྱོགས་སུ་རྒྱུགས། ཞེས་གསུངས་པ་ལྟར། ང་ཚོ་སྐྱེས་ཕོ་མོ་ཐམས་ཅད་ཀྱི་ཉིན་རེའི་བྱ་བཞག་ཐམས་ཅད་བདེ་སྐྱིད་ཐོབ་པའི་ཆེད་དུ་ཡིན་པ་ལས་སྡུག་བསྔལ་མྱོང་བའི་ཆེད་དུ་མ་ཡིན་པ་དང་། ང་ཚོས་གཉེན་སྒྲིག་བྱེད་པ་དང་ཁྱིམ་ཚང་སྐྱོང་བ། བྱིས་པ་སྐྱེ་བ་དང་བྱིས་པ་གསོ་སྐྱོང་བྱེད་པ། བྱིས་པ་སློབ་གྲྭར་སྐྱེལ་བ་ལ་སོགས་པའི་བྱ་བཞག་ཐམས་ཅད་བདེ་སྐྱིད་ཐོབ་པའི་ཆེད་དུ་ཡིན། ཡིན་ནའང་། ང་ཚོ་མང་པོ་ཞིག་གིས་བསམ་བློ་གཏོང་སྟངས་དང་སྐད་ཆ་བཤད་སྟངས། རྣམ་འགྱུར་སྟོན་སྟངས་སོགས་མ་འགྲིག་པར་བརྟེན། འདོད་པའི་བདེ་སྐྱིད་ཐོབ་པའི་ཚབ་ཏུ་མི་འདོད་པའི་སྡུག་བསྔལ་མྱོང་བཞིན་ཡོད། ལྷག་པར་དུ་ཞིང་འབྲོག་ས་ཁུལ་དུ་འཚོ་བ་སྐྱེལ་བཞིན་པའི་མ་ཡུམ་མང་པོ་ཞིག་ལ་དུས་ད་ལྟའང་གཏམ་བརྗོད་རང་དབང་དང་ཟ་འཐུང་རང་དབང་། འགྲོ་འདུག་རང་དབང་ལ་སོགས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པའི་སྐད་ཆ་དང་རྩོམ་ཡིག་མང་པོ་སྐད་འཕྲིན་དང་ངོ་དེབ་ལ་སོགས་པའི་བོད་པའི་སྤྱི་ཚོགས་དྲྭ་ལམ་དུ་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པ་མ་ཟད།གསར་ལམ་གྲགས་ཅན་དབྱིན་ཇིའི་བྷིས་བྷིས་སུ་(BBC)ནང་དུའང་ཉེ་ཆར་བོད་མདོ་སྨད་རྒྱལ་རོང་དུ་བྱུང་བའི་བུད་མེད་ཅིག་ཁྱོ་ག་སྔོན་མས་མེ་བསྲེག་བཏང་བའི་དོན་རྐྱེན་དེའི་གནས་ཚུལ་ཐོན་ཡོད་པ་དང་། བོད་མི་མང་པོས་མེ་བསྲེག་གཏོང་མཁན་དེ་བོད་པ་མ་ཡིན་པའི་གནས་ལུགས་བཤད་ཀྱི་ཡོད་ཀྱང་། དོན་རྐྱེན་བྱུང་ས་དེ་བོད་ས་མིན་ཞེས་བཤད་ས་མི་འགྲོ་བས། ཁ་ནང་གི་རྨ་དེ་ཁ་ནང་ནས་སོས་དགོས་ཞེས་པའི་གཏམ་དཔེ་ཡོད་པ་ལྟར། ང་ཚོའི་སྤྱི་ཚོགས་ཀྱི་གནད་དོན་དེ་ང་ཚོ་རང་ཉིད་ཀྱིས་སེལ་ཐབས་བྱེད་ཐུབ་ན་ཤིན་ཏུ་ལེགས་པར་སེམས། སྔོན་བྱོན་མཁས་པ་ཚོས་གནད་དོན་སེལ་ཐབས་ཀྱི་ལམ་སྟོན་མང་པོ་གསུངས་ཡོད་པ་དཔེར་ན། རྗེ་ཙོང་བ་བློ་བཟང་གྲགས་པའི་ཞལ་ནས་རང་མ་དུལ་ན་གཞན་འདུལ་བའི་གནས་མེད་གསུངས་པ་དང་། བདག་ཉིན་ཆེན་པོ་གན་རྡིས་རང་གིས་མཐོང་ན་འདོད་པའི་སྤྱི་ཚོགས་ཀྱི་འགྱུར་བ་དེ་རང་སྟེང་ནས་འགྲོ་འཛུགས་དགོས་གསུངས་པ་ལྟར།ང་ཚོའི་ད་ལྟའི་གནས་བབས་དང་མ་འོངས་པའི་འདུན་ལམ་ལ་བསྒྱུར་བཅོས་གཏོང་འདོད་ན་སྐྱེས་པ་ཚང་མ་བུད་མེད་རིང་ལུགས་པ་ཞིག་ཡིན་དགོས་པར་སྙམ། །

དྲང་བདེན་དང་གནས་ལུགས། རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་རྣམས་གཞིར་བཞག་སྟེ་མ་ཡུམ་ཚོའི་བཀའ་དྲིན་ལ་བསམ་གཞིག་བཏང་བ་ཡིན་ན། འཇིག་རྟེན་འདིའི་སྟེང་དུ་མ་ཡུམ་རྣམས་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་སུ་ལའང་མེད། དཔེར་ན་བདག་ཅག་གི་སྐྱབས་དང་མགོན་དུ་གྱུར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་གཙོས་པའི་བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་མ་ཡུམ་ལས་སྐྱེས་ཤིང་།མ་ཡུམ་ཀྱི་འོ་མས་གསོས་པ་དང་མ་ཡུམ་གྱི་གསོ་སྐྱོང་འོག་ཏུ་མཚར་ལོངས་བྱུང་བ་ཤ་སྟག་ཡིན་ཞིང་། འཇིག་རྟེན་དུ་མ་བྱོན་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མ་ཡུམ་རྣམས་ཀྱི་བྱམས་བརྩེ་དང་བཀའ་དྲིན་ལ་བརྟེན་ཏེ་འབྱུང་དགོས་པ་ནི་དོན་དངོས་ཀྱི་གནས་ཚུལ་ཡིན། དེ་ན་གཉེར་མས་ཁེངས་པའི་ཕྲུ་གུ་ཆུང་ཆུང་དེ་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཏུ་གསོ་སྐྱོང་བྱེད་མཁན་གཙོ་བོ་དེ་མ་ཡུམ་རྣམས་ཡིན་པ་དྲན་དགོས་པ་དང་། འབྱུར་འགྱུར་གྱི་མི་རབས་ཚ་རྒྱུད་རྣམས་ཀྱང་མ་ཡུམ་རྣམས་ཀྱི་བྱམས་བརྩིའི་འོག་ཏུ་མཚར་ལོངས་འབྱུང་དགོས་པས།ཁོང་ཚོའི་བློས་བཏང་ལ་ངོས་འཛིན་དང་སྙིང་སྟོབས་ལ་བརྩི་བཀུར་བྱེད་པ་ནི་གཡོལ་དུ་མེད་པའི་འོས་འགན་ཞིག་ཡིན། ང་ཚོས་མ་ཡུམ་རྣམས་དང་འདྲ་མཉམ་ཀྱིས་སྐྱིད་ན་སྐྱིད་གཅིག་དང་སྡུག་ན་སྡུག་གཅིག་བྱེད་ཐུབ་དགོས། དེ་ལྟར་བྱེད་ཐུབ་པ་ཡིན་ན་ང་ཚོས་ནམ་རྒྱུན་རང་མི་རིགས་ལ་ཡ་རབས་སྤྱོད་བཟང་། བྱམས་སྙིང་རྗེ་། གཞན་ཕན་ལྷག་བསམ། དྲང་བདེན་དང་གནས་ལུགས་ལ་དུང་བའི་མི་རིགས་ཤིག་ཡིན་ཞེས་པ་དང་། མི་རིགས་གཞན་གྱིས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད་པ་དོན་ལ་གནས་པ་མ་ཡིན་ནམ། ང་ཚོས་ཁ་དོན་ཚིག་ལ་གནས་པ་ཞིག་བྱེད་འདོད་ན་རང་མགོ་རང་གིས་གཡོགས་ཏེ་སྡོད་རྒྱུ་མ་ཡིན་པར། གནས་ལུགས་དང་རྒྱུ་མཚན།རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་སོགས་དབང་དུ་བཞག་སྟེ་རང་ཉིད་ལ་བཀའ་དྲིན་ཆེས་ཆེ་བའི་མི་དེ་སུ་ཞིག་ཡིན་པ་བརྟག་དཔྱད་བྱས་པ་ཡིན་ན། མ་ཡུམ་རྣམས་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་ཕལ་ཆེར་རྙེད་མི་སྲིད། དེ་ལྟར་ན་སྐྱེས་པ་ཚང་མ་བུད་མེད་རིང་ལུགས་པ་ཞིག་ཏུ་ཡིན་དགོས་པར་སྙམ།

སངས་རྒྱས་ཞེས་པའི་རྒྱ་གར་གྱི་བརྙན་འཕྲིན་ཟློས་གར་དེའི་ནང་དུ་བཅོམ་ལྡན་འདས་ཀྱིས་ཙུནྡ་ཞེས་པའི་ཁྱིམ་བདག་དེར། ཁྱིམ་པའི་འཚོ་བའི་ནང་དུ་བཟའ་ཟླ་ཕོ་མོ་གཉིས་འདྲ་མཉམ་ཡོང་བ་གལ་ཆེ་ཞིང་། བཟའ་ཟླ་གཉིས་མཛའ་ཞིང་མཐུན་པའི་ངང་འཚོ་བར་རོལ་བ་ཡིན་ན།ཁྱིམ་ཚང་དེས་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་ཐུབ་པ་མ་ཟད། བདེ་སྐྱིད་ཀྱི་དཔལ་དེ་ཡང་གཅིག་ནས་གཅིག་ཏུ་མཆེད་པར་འགྱུར་ཞིང་། མི་རྣམས་དགའ་བདེའི་དཔལ་ལ་རོལ་ཐུབ་པར་འགྱུར་བ་ཡིན་ནོ་ཞེས་གསུངས་པ་ལྟར། སྐྱེས་ཕོ་མོ་གཉིས་ཀྱིས་གཉེན་བསྒྲིགས་ཏེ་ཁྱིམ་གཅིག་ཏུ་འཛོམས་དགོས་པ་ནི་བཟའ་མི་གཉིས་ཀྱིས་འདྲ་མཉམ་གྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་དགོས་པ་ཡིན། སྐྱེས་ཕོ་མོ་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་པར་ཐག་བཅད་དེ་ཁྱིམ་ཚང་གཅིག་ཏུ་འཛོམས་པའི་ཉིན་དེ་ནས་བཟུང་། རྒན་པར་གུས་བརྩི་དང་གཞོན་པར་བྱམས་སྐྱོང་ལ་སོགས་པའི་ཁྱིམ་ཚང་གི་བྱ་བཞག་ཐམས་ཅད་ལ་འདྲ་མཉམ་གྱིས་ནུས་པ་འདོན་པར་དམ་བཅས་པ་ཡིན། དེས་ན་ཁྱིམ་ཚང་སྐྱོང་བའི་འཚོ་བའི་ཁྲོད་དུ་བཟའ་མི་གཉིས་ཀྱིས་ཕན་ཚུན་བར་ལ་མཆོག་དམན་གྱི་དབྱེ་བ་མི་འབྱེད་པར།ཕོ་མོ་འདྲ་མཉམ་དང་ཁྱིམ་ཚང་མཉམ་སྐྱོང་གི་འདུ་ཤེས་བཟུང་སྟེ་འབད་བརྩོན་བྱེད་དགོས། དེ་ལྟར་བྱས་ན་ཁྱིམ་ཚང་གི་བྱ་བཞག་ཐམས་ཅད་བསྒྲུབ་སླ་ཞིང་འདོད་བློ་ཁེངས་པའི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཁོ་ཧྥེ་ཨ་ནན་(Kofi Annan) མཆོག་གིས་ཕོ་མོ་འདྲ་མཉམ་ནི་རྒྱལ་ཁབ་གྱི་འཕེལ་རྒྱས་དང་ཞི་བདེ་ལ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་པ་ལྟར། ང་ཚོས་ཁྱིམ་ཚང་གི་འཕེལ་རྒྱས་དང་ཞི་བདེའི་ཆེད་དུ་བཟའ་ཟླ་གཉིས་ཀྱི་དབང་ཚད་འདྲ་མཉམ་ཡིན་དགོས་ཤིང་། བཟའ་ཟླ་སུ་ཞིག་ཡིན་ཀྱང་བཟའ་རོགས་བྲན་དུ་བཀོལ་བའི་དབང་ཆ་མེད། ཁྱོ་ག་ལ་ཆུང་མའི་སྟེང་དུ་དཔོན་ཉམས་བསྟན་ཏེ་བཀའ་འབེབ་པ་དང་ཁོ་མོའི་འགྲོ་འདུག་ལ་ཚོད་འཛིན་བྱེད་པའི་ཐོབ་ཐང་མེད། ཁྱོ་ཤུག་སུ་ཡིན་ན་གཅིག་གིས་བཀོད་འདོམ་འོག་ཏུ་གཅིག་ཤར་བསྐྱོད་བྱེད་མི་དགོས། ཡིན་ནའང་།  ཁྱིམ་ཚང་གི་འཕེལ་རྒྱས་དང་བཟའ་ཚང་གི་བདེ་སྐྱིད་ཀྱི་ཆེད་དུ།འཚོ་བའི་ཁྲོད་དུ་ཕན་ཚུན་ལ་བསམ་ཤེས་དང་གུ་ཡངས་བྱེད་དགོས་པ་དང་། སྐྱིད་སྡུག་མཉམ་མྱོང་གི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་བའི་ཆེད་དུ་སྐྱེས་པ་ཚང་མ་བུད་མེད་རིང་ལུགས་པ་ཞིག་ཡིན་དགོས་པར་སྙམ།

 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་བ་ཁོ་ཧྥེ་ཨ་ནན་(Kofi Annan) མཆོག་གིས་ཕོ་མོ་འདྲ་མཉམ་ནི་དམིགས་བྱའི་ལས་དོན་སྒྲུབ་ཐབས་ཙམ་མ་ཡིན་པར། དེ་ནི་དབུལ་ཕོངས་ཀྱི་དཀའ་ངལ་སེལ་་བ་ལ་འགོག་རྐྱེན་མེད་པར་བཟོ་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པ་མ་ཟད།ཕོ་མོ་འདྲ་མཉམ་ནི་འཕེལ་རྒྱས་ཀྱི་བྱ་བ་ཡུན་གནས་དང་གོང་འཕེལ་དུའགྲོ་བའི་ལམ་ལུགས་བཟང་བོ་ཞིག་རེད་ཅེས་གསུངས་ཡོད་པ་ལྟར།ང་ཚོས་ཀྱང་ཁྱིམ་ཚང་གི་བདེ་སྐྱིད་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས། བྱིས་པའི་མདུན་ལམ་གྱི་ཆེད་དུ་འཁོར་བའི་གཞི་མ་སྟེ། བོད་གངས་ཅན་གྱི་མ་ཡུམ་རྣམས་ཀྱིས་ཁྱིམ་ཚང་དང་སྤྱི་ཚོགས་བྱ་བཞག་གོང་སྤེལ་གྱི་ལས་དོན་ཁྲོད་དུ་ཞབས་འདེགས་སྔར་ལས་ལྷག་པ་བསྒྲུབ་ཐུབ་པའི་ཆེད་དུ་སློབ་གསོའི་གོ་སྐབས་ཆ་ཚང་བ་ཞིག་སྤྲོད་ཐུབ་པ་བྱེད་དགོས། ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་བ་བྷན་ཁེ་མོན་མཆོག་གིས། ཕོ་མོ་འདྲ་མཉམ་གྱི་གནས་སྟངས་ཚད་མཐོན་པོ་ཡོད་པའི་རྒྱལ་ཁབ་ཚོའི་ནང་དུ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་སྟངས་ཀྱང་ཚད་མཐོན་པོ་ཡོད་པ་དང་། ཚོང་ལས་ཀྱི་ཚོགས་སྡེ་ཚོའི་ངེས་སྟོན་ཚོགས་ཆུང་དུ་བུད་མེད་མང་བོ་ཞིག་ཡོད་ན་ཚོང་གི་ཡོང་སྒོ་བཟང་བ་དང་། བུད་མེད་ཀྱི་སྐུ་ཚབ་ཡོད་པའི་ཞི་བའི་གྲོས་མོལ་གྱི་གྲོས་ཆོད་རྣམས་ལ་ལམ་ལྷུང་ཡོད་པ་དང་། བུད་མེད་མང་བའི་གྲོས་ཚོགས་ཀྱིས་སློབ་གསོ་དང་འཕྲོད་རྟེན། ཁྲིམས་སྒྲིག་དང་དྲང་བདེན། བྱིས་པའི་བདེ་སྡུག་སོགས་ཀྱི་གནད་དོན་ལ་རྒྱ་ཆེ་ས་ནས་གཟིགས་རྟོགས་བྱེད་ཐུབ་ཀྱི་འདུག་ཅེས་གསུངས་འདུག་པས། ང་ཚོས་ཐུན་མོང་གི་ནུས་པ་གོང་འཕེལ་གཏོང་བ་དང་། དཔལ་འབྱོར་དང་འཕྲོད་བསྟེན་གྱི་གནས་བབ་ཇེ་བཟང་དུ་འགྲོ་བར་ང་ཚོས་མ་ཡུམ་རྣམས་ཀྱི་ཆོད་སེམས་དང་སྙིང་རུས་ལ་བརྟེན་དགོས་ཤིང་། ཁོང་ཚོར་སྐྱེས་པ་དང་འདྲ་མཚུངས་ཀྱི་རྣམ་དཔྱོད་ཡོད་པ་ཁས་ལེན་དགོས་པ་དང་། ཁོོོང་ཚོ་རང་ཉིད་ཀྱི་བསམ་འདུན་ལྟར་ཁོ་ཚོའི་འཇོན་ནུས་གོང་སྤེལ་དུ་གཏོང་བར་མཐུན་རྐྱེན་བསྐྲུན་དང་རྒྱབ་སྐྱོར་བྱེད་དགོས། དེ་ལྟར་བྱས་ན་ཁོ་ཚོའི་ལས་དབང་ལ་བསྒྱུར་བཅོས་གཏོང་སླ་བ་དང་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་འགྱུར་ལྡོག་འགྲོ་སླ་བ་ཡིན། གཙོ་བོ་སྐྱེས་པ་ཚོས་རང་ཉིད་གདོང་དམར་ཚང་གི་མ་ཡུམ་ཚོའི་མདུན་ལམ་གྱི་བཀག་རྡོ་རུ་ནམ་ཡང་མི་འགྱུར་བ་ཁག་ཁུར་བྱེད་དགོས་པ་ཡིན། གལ་སྲིད་དེ་ལ་ཁག་ཁུར་བྱེད་མ་ཐུབ་ན། གྱོང་ཁུར་མཁན་དེ་རང་དང་རང་གི་ནང་མི་ཡིན། མཁས་དབང་དགེ་འདུན་ཆོས་འཕེལ་ཚང་གིས་རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་། རྒྱལ་པོའི་རྒྱལ་སྲིད་སྤྲང་བོའི་འཚོ་ཐབས་སོགས། ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་། མེད་དུ་མི་རུང་བ་ནི་བུད་མེད་ཡིན་ཞེས་གསུངས་པ་ལྟར།  མ་ཡུམ་ཚོའི་བྱམས་བརྩེས་མ་བསྐྱངས་པའི་མི་ཞིག་དང་ནུས་པས་མ་ཁྱབ་པའི་བྱ་བ་ཞིག་མེད་པ་སེམས་ལྷོད་ལ་ཡོད་པའི་སྐབས་སུ། བློ་གཟུ་བོར་དཔྱད་ན་ངེས་ཤེས་སྐྱེ་ཐུབ་པ་ཡིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་བ་ལྕམ་ཧེ་ལི་རིས་ཁུ་ལེན་ཊོན་(Hillary Clinton) མཆོག་གིས་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན། བུད་མེད་ཀྱི་ཐོབ་ཐང་ཡང་འགྲོ་བ་མིའི་ཐོབ་ཐང་ཡིན་ཞེས་གསུངས་པ་ལྟར། ང་ཚོས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ཁ་ནས་གླེང་སྟེ་རང་ཁྱིམ་དུ་ཆུང་མའི་ཐོབ་ཐང་ལ་བརྩི་མེད་ལྡོག་རོལ་བཏང་ནས་བསྡད་ན་མི་འགྲིག་པར། རང་དང་རང་གི་ཁྱིམ་ཚང་དང་། སྤྱི་ཚོགས་ཀྱི་བདེ་དོན་གྱི་ཆེད་དུ་སྐྱེས་པ་ཚང་མ་བུད་མེད་རིང་ལུགས་པ་ཞིག་ཡིན་དགོར་པར་སྙམ།

 

མདོར་བསྡུས་ན། མི་ཞིག་འགྱེལ་ས་ནས་ཡར་ལངས་དགོས་ན་རྐང་བ་གཉིས་ཀྱི་སྟེང་དུ་ལངས་དགོས་པ་ལས་རྐང་བ་གཅིག་གི་སྟེང་དུ་ཡར་ལངས་མི་ཐུབ་ཅིང་། གལ་སྲིད་ལངས་ཐུབ་ནའང་བརྟན་པོ་སྡོད་མི་ཐུབ། ཁྱིམ་ཚང་ཞིག་ལ་མཚོན་ནའང་། བཟའ་མི་གཉིས་ཀྱི་འཇོན་ནུས་མཉམ་སྤོངས་ཀྱིས་ཁྱིམ་ཚང་གི་འཚོ་བ་ཡར་རྒྱས་སུ་གཏོང་དགོས་པ་ལས། བཟའ་ཟླ་གཅིག་ཁོ་ན་ལ་བརྟེན་ཏེ་ཁྱིམ་ཚང་གི་འཚོ་བ་ཡར་རྒྱས་སུ་གཏོང་རྒྱུ་ཁག་པོ་ཡིན། དེ་བཞིན་དུ་སྐད་ཡིག་རིག་གནས་ཀྱི་མཚོན་པའི་མི་རིགས་ཀྱི་འཚོ་གནས་ཉེན་ཁའི་གནས་སུ་ལྷུང་ཡོད་པ་ཞིག་ལ་མཚོན་ནའང་། ཐུན་མོང་གི་ནུས་པ་མཉམ་སྤོངས་ཀྱིས་མི་རིགས་ཀྱི་འཚོ་གནས་ཉེན་ཁ་ལས་སྐྱོབ་ཐབས་བྱེད་དགོས་པ་ལས། མི་ཁ་ཤས་ཤིག་གི་ནུས་པ་ལ་བརྟེན་ནས་མི་རིགས་ཀྱི་འཚོ་གནས་ཉེན་ཁ་ལས་སྐྱོབ་ཐུབ་པ་མ་ཡིན། དེས་ན་ང་ཚོས་བོད་ཀྱི་མ་ཡུམ་དག་གི་འཇོན་ནུས་མཐོར་འདེགས་སུ་གཏོང་བར་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་ངེས་པར་དུ་བསྒྲུབ་དགོས། ཨ་རིའི་སྲིད་འཛིན་ཟུར་བ་ཨོ་བྷ་མའི་སྐུ་ལྕམ་ (Michelle Obama) མཆོག་གིས་གལ་སྲིད་བུད་མེད་ཀྱི་འཇོན་ནུས་ལ་འགོག་རྐྱེན་བཟོ་བ་དང་དབུགས་བསུབ་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་གོ་སྐབས་འཕྲོག་པ་སོགས་བྱས་ན། རྒྱལ་ཁབ་གཅིག་ཀྱང་དོན་ངོ་མའི་ཡར་རྒྱས་སུ་འགྲོ་མི་ཐུབ།རྒྱུ་མཚན་ནི་བུད་མེད་ཀྱིས་འཛམ་གླིང་གི་མི་འབོར་གྱི་ཕྱེད་ཀ་ཟིན་ཡོད་པ་རེད་ཅེས་གསུངས་པ་ལྟར། བོད་ཀྱི་བུད་མེད་ཀྱང་བོད་པའི་མི་འབོར་གྱི་ཕྱེད་ཀ་ལས་བརྒལ་ཡོད་སྲིད་པས། ང་ཚོས་ཀྱང་བུད་མེད་ཀྱི་འཇོན་ནུས་ལ་འགོག་རྐྱེན་བཟོས་ཏེ་མི་སྡོད་པར་ཐུན་མོང་གི་ཕུགས་འདུན་ཞིག་གི་ཆེད་དུ་ང་ཚོ་བོད་པའི་སྐྱེས་པ་ཚང་མ་ངེས་བུད་མེད་རིང་ལུགས་པ་ཞིག་ཡིིན་དགོས་པར་སེམས་སོ།།

 

 

གཡག་རྒོད་རྩོམ་རིག་ཚོགས་ཆུང་གིས་ཕྱི་ལོ་༢༠༢༠་ལོའི་ཟླ་བ་༡༠་བའི་ཚེས་༡༤་ཡིན་སྤེལ།

Topic: སྐྱེས་པ་ཚང་མ་བུད་མེད་རིང་ལུགས་པ་ཞིག་ཡིན་དགོས་པར་སྙམ། གཡག་རྒོད་རྩོམ་རིག་ཚོགས་ཆུང་གིས་ཕུལ།

No comments found.

New comment