སློབ་གསོ་ནི་རྣམ་དཔྱོད་དང་འཇོན་ནུས་ཀྱི་འབྱུང་ཁུངས་ཡིན།

སློབ་གསོ་ནི་རྣམ་དཔྱོད་དང་འཇོན་ནུས་ཀྱི་འབྱུང་ཁུངས་ཡིན།

སློབ་གསོ་ནི་རྣམ་དཔྱོད་དང་འཇོན་ནུས་ཀྱི་འབྱུང་ཁུངས་ཡིན།

 

སྤྱིའི་ཆ་ནས་སློབ་གསོ་ལ་གནའ་རབས་ཀྱི་སློབ་གསོ་དང་དེང་རབས་ཀྱི་སློབ་གསོ། ཡིག་ཐོག་གི་སློབ་གསོ་དང་ཡིག་ཐོག་ཏུ་མེད་པའི་སློབ་གསོ་སོགས་རྣམ་གྲངས་དང་དབྱེ་བ་འབྱེད་ཚུལ་མང་པོ་ཡོད་པར་བཤད། སློབ་གསོར་ངོས་འཛིན་བྱེད་སྟངས་དང་འགྲེལ་བརྗོད་བྱེད་སྟངས་ལའང་མི་འདྲ་བ་མང་པོ་ཡོད་པར་སྣང་མོད། སློབ་གསོའི་ཕན་ནུས་ཀྱི་ཐད་ནས་བརྗོད་ན་སློབ་གསོ་ནི་འགྲོ་བ་མིའི་རྣམ་དཔྱོད་ཀྱི་རྩལ་འདོན་བྱེད་ཅིག་དང་སྤྱི་ཚོགས་ཀྱི་འཚོ་བ་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་ཤེས་བྱའི་མ་ལག་རྒྱ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཆོག་པར་སེམས། འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྡུས་པ་དང་མཉམ་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་གནང་སྟེ། སྤྱི་ལོ་༡༩༤༨ ལོའི་ཟླ་བ་༡༢་པའི་ཚེས་༡༠་ཉིན་རྒྱལ་སྤྱིའི་འགྲོ་བ་མིིའི་ཐོབ་ཐང་ཡོངས་ཁྱབ་ཏུ་གསལ་བསྒྲགས་གནང་བའི་དོན་ཚན་༢༦་པའི་ནང་དུ་མི་ཚང་མ་ལ་སློབ་གསོ་མྱོང་བའི་ཐོབ་ཐང་ཡོད་ཅེས་གཏན་ལ་ཕབ་པ་ནས་བཟུང་། རྒྱལ་སྤྱིའི་ཁྱོན་ཡོངས་ལ་སློབ་གསོ་སྔར་ལས་དར་རྒྱས་སུ་སོང་བ་དང་། ལྷག་པར་དུ་ཚན་རིག་དང་འབྲེལ་བའི་སློབ་གསོའི་མ་ལག་ཇེ་མང་དུ་སོང་དང་འགྲོ་བཞིན་པ་རེད། དེང་སྐབས་སློབ་གསོ་ཡག་པོ་མ་མྱོང་བའི་མི་ཞིག་ཡིན་ན་དེང་རབས་ཀྱི་གྲོང་ཁྱེར་ནང་དུ་འཚོ་བ་སྐྱེལ་དཀའ་བའི་གནས་སུ་གྱུར་ཡོད། དེ་ལྟར་ན་བོད་པའི་ཕ་མ་ཚོས་རང་གི་ཕྲུག་ལ་སློབ་གསོའི་གོ་སྐབས་དང་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཞིག་བསྐྲུན་དགོས་པ་ནི་ཧ་ཅང་གལ་ཆེའོ།།

བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་ནས་བདག་ཉིད་བདག་གི་མགོན་ཡིན་གྱི།‫ ‬གཞན་ལྟ་སུ་ཞིག་མགོན་དུ་འགྱུར་ཞེས་གསུངས་པ་ལྟར། ཕ་མས་བུ་ཕྲུག་ལ་སློབ་གསོ་ཚད་དང་ལྡན་པ་ཞིག་སྤྲད་དེ་གཞན་ལ་བརྟེན་མི་དགོས་པའི་འཇོན་ཐང་དང་ནུས་པ་ཅན་ཞིག་ཏུ་གསོ་སྐྱོང་བྱེད་དགོས། སློབ་གསོ་ཚད་དང་ལྡན་པ་ཞིག་དང་སློབ་གསོ་ཡང་དག་པ་ཞིག་བུ་ཕྲུག་ལ་སྤྲོད་ཐུབ་ན། བུ་ཕྲུག་རྣམ་དཔྱོད་ལྡན་པ་ཞིག་དང་། སྙིང་སྟོབས་ཅན་དང་གདེང་ཚོད་ཅན་ཞིག་ཏུ་འཚར་ལོངས་འབྱུང་ཐུབ་པ་ཡིན། གཞན་བརྟེན་གྱི་བསམ་བློ་ནི་རང་ཉིད་ཀྱི་རྣམ་དཔྱོད་དང་འཇོན་ནུས་ཀྱི་བཀག་རྡོ་ཡིན། ཇུས་མི་རིགས་སམ་ཡ་ཧཱ་དཱ་པའི་མི་རིགས་ལ་འཆིང་ཐག་དེ་གློད་པར་བྱ་ཞེས་པའི་གཞན་བརྟེན་གྱི་བསམ་བློ་དོར་དགོས་པའི་སློབ་གསོའི་སྒྲུང་ཞིག་བཤད་རྒྱུ་ཡོད་པ་ལྟར། ང་ཚོ་བོད་པའི་ཕ་མ་ཚོས་རང་གི་བུ་ཕྲུག་གི་རྒྱུད་ལ་གནའ་དེང་ཟུང་འབྲེལ་གྱི་སློབ་གསོ་ཡག་པོ་ཞིག་འཇོག་ཐབས་ལ་བརྩོན་དགོས། གནའ་དེང་ཟུང་འབྲེལ་གྱི་སློབ་གསོ་ལ་མི་རྨོངས་པའི་བུ་ཕྲུག་ཤེས་འཇོན་གཉིས་ལྡན་ཞིག་སྐྱེད་སྲིང་བྱེད་ཐུབ་པ་ཡིན་ན། བུ་ཕྲུག་ལ་མི་ཚེའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་པ་ཡིན། ཕ་མ་ཚད་ལྡན་ཡིན་མིན་གྱི་ཚད་ཐིག་དེ་ནི་བུ་ཕྲུག་ཚད་ལྡན་ཞིག་གསོ་སྐྱོང་བྱེད་ཐུབ་མིན་གྱི་སྟེང་ནས་འཇོག་གི་ཡོད་པ་ལྟར། ཕ་མས་བུ་ཕྲུག་རྣམ་དཔྱོད་དང་བློ་གྲོས་ལྡན་ཞིང་། ལྷག་བསམ་དང་སྤྱི་སེམས་ཆེ་བའི་མི་བུ་ཚད་ལྡན་ཞིག་ཏུ་སྐྱེད་སྲིང་བྱེད་དགོས་པ་ཡིན། ཨ་རིའི་བྱིས་པའི་སེམས་ཁམས་རིག་པ་བ་སློབ་དཔོན་ཆེན་མོ་བྷུ་རོས་སུ་ཕེ་རིས་( Dr. Bruce Perry)ཟེར་བ་དེས་ཕྲུ་གུ་ཨ་མའི་མངལ་ནས་སྐྱེས་དུས་སུ་ཕྲུ་གུའི་འཇིག་རྟེན་ནི་ཕ་མ་གཉིས་ཡིན་ཞིང་། ཕ་མས་འཐུས་ཤོར་མ་བཏང་བར་ཕྲུག་གུ་གསོ་སྐྱོང་ཡག་པོ་བྱས་ན། ཕྲུ་གུའི་ཀླད་རྩའི་དྲ་བ་སྤྲེལ་ཚུལ་ལ་ཤུགས་རྐྱེད་ཐེབས་ཏེ་དར་མའི་སྐབས་སུ་ཀླད་པའི་བྱེད་ལས་ཀྱི་ནུས་པ་ཡག་པོ་ཡོད་པ་རེད་ཅེས་གསུངས་འདུག དེ་ལྟར་ན་ཕྲུ་གུ་ཆུང་ངུའི་སྐབས་སུ་ཕྲུ་གུ་ལ་སློབ་གསོ་སྤྲོད་ཚུལ་ཆེས་ལེགས་པ་དེ་ནི་དཔེ་སྟོན་མང་བའི་སློབ་གསོའི་བྱེད་ཐབས་དེ་ཡིན།དཔེར་ན་མདོ་སྨད་ཀྱི་ཕྱེ་འགོག་དཔའ་བོ་དཔྲ་ཁྱོམ་དཔལ་བཟང་གིས་རང་གི་བུ་མོ་ཁྲིད་དེ་ཕྱེ་འགོག་གི་ལས་ཀ་སྒྲུབ་ཀྱིན་པའི་ཤུགས་རྐྱེན་བུ་མོར་ཐེབས་ཏེ་ད་ལྟ་ཁོང་གི་བུ་མོ་ཡང་ཕྱེ་འགོག་གི་ལས་ཀར་དགའ་བའི་གཤིས་ཀ་ཅན་ཞིག་ཏུ་གྱུར་ཡོད་པར་གྲགས། དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་ལས་ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་ཞེས་གསུངས་པ་ལྟར་བུ་ཕྲུག་གིས་ཀྱང་ཕ་མས་དཀའ་སྡུག་དང་རྔུལ་ནག་ཁྲོད་དུ་བསགས་པའི་ཤོག་སྒོར་རྣམས་དོན་མེད་ཆུད་ཟོས་སུ་མི་གཏོང་བར། དུས་ཚོད་དམ་འཛིན་གྱིས་སློབ་སྦྱོང་ལ་བརྩོན་འགྲུས་བྱས་ཏེ་རང་ཉིད་མི་བུ་ཚད་ལྡན་ཞིག་ཏུ་འགྱུར་ཐབས་ལ་བརྩོན་དགོས། ཚན་རིག་པ་གྲགས་ཆེན་ཁྱཱལ་རོལ་སུ་ཊར་བུན་(Charles Darwin) མཆོག་གིས་ཀྱང་དུས་ཚོད་གཅིག་ཆུད་ཟོས་སུ་གཏོང་མཁན་གྱི་མི་དེས་མི་ཚེའི་རིན་ཐང་རྟོགས་མེད་པ་རེད་ཅེས་གསུངས་ཡོད་དོ།།

འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་བྱང་ཆུབ་ལམ་རིམ་ཆེན་མོའི་ནང་དུ། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག ཕོངས་པར་གྱུར་ཀྱང་མི་འགྱུར་འཛའ་བོ་ཡིན། གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག ཚོགས་ཀྱི་ནང་ན་མཁས་པ་འགུ་བར་འགྱུར། ཞེས་དང། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་བོར་བྱེད་ཅེས་གསུངས་ཡོད། དེས་ནས་ང་ཚོ་བོད་གངས་ཅན་པའི་ཕ་མ་ཚོས་བྱང་ཆུབ་ལམ་རིམ་ཆེན་པོ་ལས་དྲངས་པའི་གོང་གི་གསུང་ཚིག་དེར་བསམ་གཞིག་བཏང་སྟེ་མ་འོངས་བོད་པའི་ཆོས་དང་རིག་གནས་ཀྱི་བདག་པོ་བོད་ཕྲུག་རྣམས་ལ་གནའ་དེང་ཟུང་འབྲེལ་གྱི་སློབ་གསོ་ཡང་དག་པ་ཞིག་སྤྲོད་པའི་འགན་ཁུར་དགོས། སློབ་གསོ་ཡག་པོ་མྱངས་རྗེས་སློབ་གསོ་ལག་བལྟར་བྱས་ཏེ་རང་ཕན་རོགས་ཕན་གྱི་བྱ་བཞག་རླབས་ཆེན་བསྒྲུབ་དུ་འཇུག་དགོས། ཨ་རིའི་མི་རིགས་ནག་པོའི་ཐོབ་ཐང་འཐབ་རྩོད་ཀྱི་སྣེ་ཁྲིད་པ་སྐུ་ཞབས་མལ་ཁམ་འེ་ཁུ་སུ་(Malcolm X) མཆོག་གིས་སློབ་གསོ་ནི་མ་འོངས་པའི་ལམ་ཡིག་ཡིན་ཞིང་། སང་ཉིན་གྱི་འཇིག་རྟེན་ནི་དེ་རིང་སློབ་གསོ་མྱོང་བར་གྲ་སྒྲིག་ཡོད་མཁན་རྣམས་ལ་དབང་བ་ཡིན་ཞེས་གསུངས་ཡོད། སྐུ་ཞབས་ཁོང་གིས་སྐད་ཆ་དེ་སྐབས་དེའི་ཨ་རིའི་ནང་གི་མི་རིགས་ནག་པོའི་འཐབ་རྩོད་བྱེད་སྟངས་ཀྱི་ཐད་ལ་གསུངས་པ་ཞིག་ཡིན་མོད། ཡིན་ནའང་སྐད་ཆ་དེ་ནི་མི་སྒེར་དང་ཁྱིམ་ཚང་། སྤྱི་ཚོགས་ཀྱི་མ་འོངས་པའི་མདུན་ལམ་འཚོལ་སྟངས་ལ་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པར་སྙམ། དེ་བཞིན་དུ་ལྷོ་ཨ་ཧྥུ་ཨི་ཀའི་མི་རིགས་ནག་པོའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཆེན་ནལ་སན་མན་ཊེ་ལ་(Nelson Mandela) མཆོག་གིས་སློབ་གསོ་ནི་ཆེས་ནུས་སྟོབས་ལྡན་པའི་མཚོན་ཆ་དེ་ཡིན་ཞིང་། ཁྱེད་ཀྱིས་མཚོན་ཆ་དེ་བེད་སྤྱོད་བཏང་སྟེ་འཇིག་རྟེན་ལ་འགྱུར་བ་གཏོང་ཆོག་ཅེས་གསུངས་ཡོད།  དེས་ན་ང་ཚོ་བོད་པ་ཚོས་ཀྱང་དུས་རབས་ཀྱི་རྗེས་ཟིན་པའི་ཆེད་དུ་མི་རིགས་གཞན་རྣམས་དང་ལྷན་དུ་དཔུང་བ་མཉམ་གཤིབ་ཀྱིས་མདུན་བསྐྱོད་ཐུབ་པའི་ཆེད་དུ་བུ་ཕྲུག་རྣམས་ལ་སློབ་གསོ་ཚད་དང་ལྡན་པ་ཞིག་སྤྲོད་དགོས་སོ།།

 

ཨ་རིའི་སྲིད་འཛིན་ཐོག་མ་ཇོར་ཇི་ཝ་ཤིན་ཌོན‫ ‬(George Washington‫ ‬)མཆོག་གིས་སློབ་གསོ་ནི་རང་དབང་གསེར་གྱི་སྒོ་ཆེན་འབྱེད་པའི་ལྡེ་མིག་དེ་ཡིན་ཞེས་གསུངས་ཡོད།‫ ‬དེ་ན་རང་དབང་དང་འདྲ་མཉམ། ཐོབ་ཐང་དང་དྲང་བདེན་ལ་རེ་བའི་ཕ་མ་ཞིག་ཡིན་ན་རང་ཚུགས་ཡོད་པ་དང་ཆོད་སེམས་བརྟན་པོའི་སྒོ་ནས་ཤེས་ཡོན་ལྡན་པའི་བུ་ཕྲུག་ཅིག་སྐྱེད་སྲིང་བྱེད་དགོས་པ་ཡིན། དེ་བཞིན་དུ་དབྱིན་ཇའི་རྩོམ་པ་པོ་རྒེ་བྷུར་ཊི་ཁས་ཐི་ཁྱྰ་སུ་ཊིན་(Gilbert Keith Chesterton) ཟེར་བ་དེས་སློབ་གསོ་ནི་མི་རབས་ཤིག་ནས་མི་རབས་གཞན་ཞིག་ལ་བརྒྱུད་པའི་སྤྱི་ཚོགས་ཀྱི་ཚེ་སྲོག་ཡིན་ཞེས་གསུངས་པ་ལྟར། ང་ཚོས་མི་རབས་རྗེས་མ་རྣམས་ཀྱིས་འཚོ་བ་ཕུན་སུམ་ཚོགས་པ་ཞིག་སྐྱེལ་ཐུབ་པའི་ཆེད་དུ་བུ་ཕྲུག་རྣམས་ལ་སློབ་གསོ་ཡང་དག་པ་ཞིག་སྤྲོད་དགོས། ལྷག་པར་དུ་བུ་མོ་རྣམས་ལ་སློབ་གསོའི་གོ་སྐབས་སྤྲད་དེ་མི་རབས་ཚ་རྒྱུད་ཤེས་ཡོན་ཅན་དུ་བསྒྱུར་དགོས། ཨ་ཧྥུ་རི་ཁའི་གཏམ་དཔེ་ཞིག་ལ། གལ་སྲིད་ཁྱེད་ཀྱིས་སྐྱེས་པ་ཞིག་ལ་སློབ་གསོ་སྤྲད་ན་མི་ཞིག་ལ་སློབ་གསོ་སྤྲད་པ་ཡིན། གལ་སྲིད་ཁྱེད་ཀྱིས་བུད་མེད་ཅིག་ལ་སློབ་གསོ་སྤྲད་ན། མི་རབས་ནས་མི་རྒྱུད་ལ་སློབ་གསོ་སྤྲད་པ་ཡིན་ཞེས་ཟེར་སྲོལ་ཡོད་པ་རེད། སྡོམ་ཚིག་འདིའི་དོན་སྙིང་གཙོ་བོ་འགན་ཁུར་སྟངས་ཀྱི་ཆ་ནས་སྐྱེས་པ་དང་བུད་མེད་གཉིས་མི་འདྲ་བའི་བདེན་དབང་མང་བོ་ཡོད་པའི་རྒྱུ་མཚན་གྱིས་ཡིན།དེ་ནས་ཡང་གྱོན་ཆས་འགྲེམ་སྟོན་པ་ཨེ་ལུན་ནོར་ཇུན་(Elin Nordegren) ཟེར་བ་དེ་མི་སུ་ཞིག་གིས་ཀྱང་རྐུ་འཕྲོག་བྱེད་མི་ཐུབ་པ་དེ་ནི་སློབ་གསོ་ཁོ་ན་ཡིན་ཞེས་གསུངས་ཡོད།དེས་ན་རྐུན་མས་རྐུ་མི་ཐུབ་པ་དང་། ཇག་པས་བཅོམ་མི་ཐུབ་པ། བཙན་པོས་འཕྲོག་མི་ཐུབ་པའི་ཆེས་རིན་ཐང་ཆེ་བའི་ནོར་བུ་དེ་ནི་སློབ་གསོ་ཡིན་པ་ཤེས་དགོས། ས་སྐྱ་ལེགས་བཤད་ལས། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན།། མ་བསྡུས་པར་ཡང་རང་ཉིད་འདུ།། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་གསུངས་པ་ལྟར་རོ།།

 

མདོར་དེད་ན་བོད་པའི་གཏམ་དཔེ་རུ་ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ལྟར་སློབ་གསོ་ཚད་མཐོན་པོ་མྱངས་པའི་མི་ཞིག་ཡིན་ན་སློབ་གསོ་མ་མྱོང་བའི་མི་ལས་ལྷག་པའི་རྣམ་དཔྱོད་དང་འཇོན་ནུས་ཡོད་ཅིང་། སྲིད་འབྱོར་རིག་གསུམ་དང་འབྲེལ་བའི་མི་རིགས་དང་སྤྱི་ཚོགས་ཀྱི་ལས་དོན་རྒྱ་ཆེ་ས་ནས་སྒྲུབ་ཐུབ་པ་ཡིན། དེ་ལྟར་ན་ཕ་མས་ཆོད་སེམས་བརྟན་པོ་སྒོ་ནས་འགན་ཁུར་ཏེ་བུ་ཕྲུག་ལ་སློབ་གསོ་ཚད་ལྡན་པ་ཞིག་སྤྲོད་དགོས། ཨ་རིའི་རྒྱལ་ཁབ་གསར་འཛུགས་གནང་མཁན་གྱི་གྲས་དང་ཨ་རིའི་རྩ་ཁྲིམས་ཀྱི་ཟིན་བྲིས་འགོད་མཁན་བྷན་ཇ་མེན་སྤུ་རན་ཁུ་ལེན(Benjamin Franklin) མཆོག་གིས་སློབ་གསོའི་སྟེང་དུ་མ་རྩ་བཞག་པ་ཡིན་ན་སྐྱིད་ཀ་ཡག་པོ་རེག་ཐུབ་ཅེས་སློབ་གསོ་གལ་ཆེ་བའི་སྐོར་གསུངས་ཡོད་དོ།

Topic: སློབ་གསོ་ནི་རྣམ་དཔྱོད་དང་འཇོན་ནུས་ཀྱི་འབྱུང་ཁུངས་ཡིན།

No comments found.

New comment